ཉེ་ལམ། ནོར་ཁུལ་དང་ལུག་བལ་དྲུད་པའི་སྐྱེལ་འདྲེན་རླངས་འཁོར་དེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་གྲོང་གསེབ་དར་སྤེལ་ཐོན་ལས་གླིང་ཁུལ་ནས་ལམ་ལ་ཆས་ཏེ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཕྱོགས་སུ་བསྐྱོད།
དུས་ཡུན་རིང་པོར། སྤུས་ལེགས་ཐོན་ཁུངས་ཀྱིས་ཁྲོམ་ར་མི་རྙེད་པ་དང་ཁྲོམ་རས་སྤུས་ལེགས་ཐོན་ཁུངས་མི་རྙེད་པ་ནི། འབྲོག་ཁུལ་གྱི་གྲོང་གསེབ་ཐོན་ལས་དར་སྤེལ་ལ་ཚོད་འཛིན་ཐེབས་པའི་གནད་འགག་རེད། འབྲི་སྟོད་རྫོང་ལ་ནོར་ཁུལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་མོད། འོན་ཀྱང་ཕྱིར་འཚོང་གི་ཐབས་ལམ་ཡང་དག་ཅིག་མེད་པའི་དཀའ་ངལ་ལ་འཕྲད་ཡོད། བོད་ལྗོངས་ཀྱི་ཁྲོམ་རར་སྤུས་ལེགས་ནོར་ཁུལ་གྱི་ཐོན་རྫས་ཀྱི་དགོས་མཁོ་ཧ་ཅང་ཆེ་མོད། ཡིན་ཡང་བློ་གཏད་ཆོག་པའི་དངོས་ཟོག་གི་ཐོན་ཁུངས་ཤིག་རྙེད་དཀའ་བར་གནས། ཐེངས་འདིའི་མཉམ་ལས་ནི་ཕྱོགས་གཉིས་ཀྱི་ཆ་འཕྲིན་བཀག་རྒྱ་གཏོར་ནས། དགེ་མཚན་གསབ་རེས་མངོན་འགྱུར་བྱེད་པའི་ལག་ལེན་ཞིག་རེད།
ཉེ་བའི་ལོ་འགའི་རིང་། འབྲི་སྟོད་རྫོང་གིས་ཡུས་ཧྲུའུ་ཁུལ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་གྱི་ཕྱིར་འདོན་ཁུལ་གཙོ་བོའི་ལོ་གསུམ་གྱི་འགུལ་སྐྱོད་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། འོ་མ་དང་ཤ། བལ་བཅས་ཀྱི་ཁྱད་ལྡན་ཐོན་ལས་ལ་དམིགས་ནས། སྲིད་གཞུང་བྱ་བའི་སྡེ་ཁག་གིས་སྟེགས་བུ་བསྐྲུན་པ་དང་། རོང་འབྲོག་དང་འབྲེལ་བའི་ཁེ་ལས་ཀྱིས་ཁྲོམ་ར་རྒྱ་བསྐྱེད་ལ། ཐེངས་འདིར་འབྲི་སྟོད་རྫོང་གི་ཀྲུང་ཧྥུའུ་ཏཱ་ནོར་ཁུལ་ཐོན་ལས་ཚད་ཡོད་ཀུང་ཟི་དང་བོད་ལྗོངས་ཧྲིན་ཞིན་བཟོ་ལས་ཚོང་དོན་ཚད་ཡོད་ཀུང་ཟི་ཡིས་མངག་ཐོ་འབུམ་བཞི་ལྷག་བཀོད་པ་དང་། ནོར་ཁུལ་དང་ནོར་ཀྱི་རྩིད་པ། ལུག་བལ་བཅས་ཏུན་བཞི་བཅུ་ཉོ་བསྡུ་བྱས་ཤིང་། དེ་ནི་འབྲི་སྟོད་རྫོང་གིས་ཧུར་ཐག་གིས་ཁྲོམ་ར་རྒྱ་བསྐྱེད་པའི་ཐད་ནས་བླངས་པའི་གཡུར་ཟའི་གྲུབ་འབྲས་རེད།
ལྷ་མོ་འཚོས་བསྒྱུར།