མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་ལས་ཁུངས་མང་པོས་མཉམ་འབྲེལ་སྒོས་ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ།
2025.03.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས3ཉིན་གྱི་ཕྱི་དྲོར།  ཐེངས་རེ་གཉིས་པའི་བློ་མཐུན་ལེ་ཧྥིན་གྱི་རྗེས་དྲན་ཉིན་མོ་ཐོན་ལ་ཉེ་བའི་སྐབས་སུ།  བཅིངས་འགྲོལ་དམག་ཟི་ལིང་དམག་དོན་ཞིབ་དཔྱོད་ཁང་གིས་མཚོ་སྔོན་ཞིང་ཆེན་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་དང་།  ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་རུ་ཁག་གི་དགུ་བཞི་གཅིག་སྨན་ཁང་།  ཟི་ལིང་གྲོང་ཁྱེར་མཁར་ཤར་ས་ཁུལ་མི་དམངས་ཞིབ་དཔྱོད་ཁང་སོགས་ཀྱི་ལས་ཁུངས་དང་མཉམ་འབྲེལ་སྒོས།  མཚོ་སྔོན་ཧ་ཡང་རྒྱུ་ཆའི་བཟོ་གྲྭར་སོང་ནས་བློ་མཐུན་ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་བ་དང་།  ཡན་ལག་སྐྱོན་ཅན་དང་འོན་པ་དང་ལྐུགས་པ་སོགས་དབང་སྐྱོན་ལས་བཟོ་བར་བྱམས་བརྩེའི་དྲོད་ཁོལ་བྱིན་ལ།   འོས་འགན་སྨན་བཅོས་དང་ཁྲིམས་རོགས།  སེམས་གསོ།  རིག་གནས་རོལ་རྩེད་སོགས་ཀྱི་ཞབས་ཞུ་མཁོ་སྤྲོད་བྱས།

བྱ་འགུལ་གྱི་ཡུལ་དངོས་སུ།    མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་རུ་ཁག་གི་དགུ་བཞི་གཅིག་སྨན་ཁང་གིས་སྨན་བཅོས་མི་སྣ་བརྒྱད་མངགས་ནས།   ལེ་ཧྥིན་སྨན་བཅོས་རུ་ཁག་སྒྲིག་འཛུགས་བྱས་ཏེ།  དབང་སྐྱོན་ལས་བཟོ་བར་ཁྲག་ཤེད་ལྟ་ཞིབ་ཚད་ལེན་དང་།  བདེ་ཐང་མཛུབ་སྟོན་སོགས་ཀྱི་སྨན་བཅོས་ཞབས་ཞུ་སྤྲད་ལ།  རིགས་མི་འདྲ་བར་གཞིགས་ནས་ཁྱད་གཤིས་ཅན་གྱི་སྨན་བཅོས་གྲོས་གཞི་བཏོན།  ཞིང་ཆེན་དམག་ཁུལ་གྱི་སྐྲ་བཞར་མཁན་གཉིས་ཀྱིས་དབང་སྐྱོན་ལས་བཟོ་བའི་སྐྲ་བཞར་ཏེ་བྱམས་བརྩེའི་དྲོད་ཁོལ་སྦྱིན་ལ།   སེམས་ཁམས་སྨན་པ་དང་ཆེད་མཁས་པ།  ལག་བརྡའི་དགེ་རྒན་བཅས་ཀྱིས་མཉམ་དུ"སེམས་གསོ་ས་ཚིགས"ཞེས་པ་བཙུགས་པ་དང་།  ཐུན་མོང་ཟུར་ཁྲིད་དང་མི་སྒེར་བློ་འདྲི་སོགས་བྱས་ཏེ།  དབང་སྐྱོན་ལས་བཟོ་བར་གནོད་ཤུགས་གློད་པ་དང་།  སེམས་སྒོ་ཕྱེ་བར་རོགས་རམ་བྱས།   ཁྲིམས་ལུགས་ཀྱི་ཕྱོགས་ནས།  དམག་དོན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་དང་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁྲིམས་རྩོད་པས་ཁྲིམས་ལུགས་ཞབས་ཞུ་ལྟེ་གནས་བཙུགས་ཏེ།  ལས་བཟོ་བར་ལས་རྨས་གསལ་འབྱེད་དང་།  ཁེ་དབང་འགན་སྲུང་སོགས་ཀྱི་ཁྲིམས་འབྲེལ་གནད་དོན་སྐོར་ལ་དྲིས་ལན་བཏབས་པ་དང་།  ཁེ་དབང་སྲུང་སྐྱོབ་ལག་དེབ་དང་འབྲེལ་གཏུགས་ཁ་པར་བྱིན་ནས།  རྗེས་ཕྱོགས་ཀྱི་རོགས་སྐྱོར་ལ་ཁས་ལེན་བྱས།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།