སྨན་བཅོས་ལ་མཁོ་བའི་སྨན་རྫས་ཟད་གྲོན་རྒྱུ་ཆ་གཅིག་བསྡུས་ཀྱིས་ཉོ་སྒྲུབ་བྱེད་པའི་བཅོས་སྒྱུར་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། སྨན་རྫས་ཟད་གྲོན་རིན་གོང་དོ་དམ་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་བ། ཉོ་སྒྲུབ་རིན་གོང་མར་གཅོག་པ། གཅིག་བསྡུས་ཉོ་སྒྲུབ་འདེམས་ཐོན་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་བ་བཅས་ལ་ཁག་ཐེག་བྱས་ནས། སྤུས་ལེགས་གོང་དམའ་ཅན་གྱི་གཅིག་བསྡུས་ཉོ་སྒྲུབ་སྨན་རྫས་ཀྱིས་མུ་མཐུད་དུ་མི་དམངས་ལ་ཕན་བདེ་བསྐྲུན་ཆེད། ཟླ3པའི་ཚེས1ཉིན་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཅང་སུའུ་དང་མཉམ་འབྲེལ་གྱི་སྐོར་ཐེངས་བཞི་བ་དང་ལྔ་བའི་རྒྱལ་ཁབ་རྩ་འཛུགས་སྨན་རྫས་གྲོས་མཐུན་དུས་ཡུན་ལོངས་ནས་སྨན་རྫས་རིགས47མུ་མཐུད་དུ་འདོན་སྤྲོད་བྱས་པ་དང་། ཞིང་ཆེན་མནའ་འབྲེལ་གྱི་ཐགས་ཚད་སྐུལ་རྩིའི་ཚན་པ་དྲུག་སོགས་ལུས་ཕྱི་ནས་བརྟག་དཔྱད་བྱེད་པའི་ཚོད་རྫས་རིགས་ལྔ་དང་། ཐེངས་གཅིག་རང་བཞིན་ཅན་གྱི་སྣ་ནས་ཕོ་བར་སྦྲེལ་བའི་སྦུ་གུ་སོགས་གཅིག་བསྡུས་སྒོས་ཉོ་སྒྲུབ་བྱེད་པའི་སྨན་རྫས་ཁག་མང་པོ་ཞིག་གི་འདེམས་ཐོན་གྲུབ་འབྲས་དངོས་སུ་ལག་བསྟར་བྱས་པས། མཚོ་བྱང་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་སྨན་རྫས་ཟད་གྲོན་རྒྱུ་ཆ་གཅིག་བསྡུས་ཉོ་སྒྲུབ་བྱས་པ་ལས་ཐོན་པའི་ཁེ་ཕན་ལོངས་སུ་སྤྱོད་ཐུབ།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་ཅང་སུའུ་ནས་མཁོ་འདོན་བྱས་པའི་རྒྱལ་ཁབ་ཀྱི་སྨན་རྫས་གཅིག་བསྡུས་ཉོ་སྒྲུབ་ལ་སྨན་རྫས་རིགས47ལྷག་འདུས་པ་དང་། འགོས་ནད་འགོག་པ་དང་སྙིང་དང་ཀླད་པའི་ཁྲག་རྩའི་ནད། ཕོ་རྒྱུའི་ནད། དལ་གཤིས་གློ་སྦུག་གི་ཚ་ནད། མགྱོགས་གཤིས་དབུགས་འཚུབ་ནད་སོགས་རྒྱུན་མཐོང་གི་ནད་དང་། དལ་གཤིས་ནད་གྱི་སྨན་དང་མྱུར་སྐྱོབ་སྨན། དཀོན་པའི་སྨན་སོགས་སྨན་གཙོ་བོའི་རིགས་འདུས་ཡོད། མཚོ་བྱང་གི་རིམ་པ་གཉིས་པའི་གཞུང་འཛུགས་སྨན་བཅོས་ལས་ཁུངས7དང་འཕྲོད་བསྟེན་ཁང་ཚང་མ་ཞུགས་ནས་ཉོ་སྒྲུབ་བྱེད་པའི་སྤྱི་འབོར་ལ་སྨན་རིལ་ས་ཡ་གཅིག་དང་འབུམ་གཅིག་ཁྲི་དྲུག་སྟོང་སུམ་དང་དགུ་བརྒྱ་ཡོད། དེ་དང་མཉམ་དུ། ཨན་ཧུའེ་ཞིང་ཆེན་གྱིས་སྣེ་ཁྲིད་པའི་ཞིང་ཆེན་མནའ་འབྲེལ་གྱི་ལུས་ཕྱིའི་བརྟག་དཔྱད་ཚོད་རྫས་རིགས་ལྔ་དང་འགོས་ནད་རིགས་བརྒྱད་ནི་ནད་པར་གཤགས་བཅོས་མ་བྱས་སྔོན་དུ་ངེས་པར་བརྟག་དགོས་པའི་རྣམ་གྲངས་ཡིན་ལ། མིའི་ནུ་ཏོག་གི་སྐྲན་ནད་ནད་དུག་དང་། མིའི་ཁུ་སྤུ་སྐྱི་གཤེར་རྨེན་སྐུལ་རྩི། སྐུལ་རྩིའི་ཁག་དྲུག་སོགས་ནི་བུད་མེད་ཀྱི་སྐྱེ་འཕེལ་བདེ་ཐང་དང་འབྲེལ་བ་དམ་ཟབ་ཡོད་པའི་བརྟག་དཔྱད་ཀྱི་རིགས་ཡིན་ཞིང་། ཧྭགས་བརྗེ་ཚབ་རིགས་གཉིས་ནི་གཅིན་སྙིའི་ནད་བྱུང་བའི་ནད་པ་དང་འབྲེལ་བ་དམ་ཟབ་ཡོད་པའི་བརྟག་དཔྱད་ཀྱི་རིགས་ཡིན་པས། ཐགས་ཚད་ཐོན་རྫས་ཀྱི་ཁེབས་ཚད་ཆེ་ཞིང་དམིགས་གཏད་རང་བཞིན་དྲག་པོ་ལྡན། མཚོ་བྱང་ཁུལ་གྱི་གཞུང་བཙུགས་སྨན་བཅོས་ལས་ཁུངས7ཞུགས་པའི་སྤྱིའི་སྙན་ཞུའི་ཚད་མི་ཁྲི་བརྒྱད་དང་སྟོང་གཅིག་དང་བརྒྱད་བརྒྱ་ཡིན་པ་དང་། ཐེངས་འདིའི་གཅིག་བསྡུས་ཉོ་སྒྲུབ་ལས་ཆེས་མཐོ་བའི་མར་ཆག་ཚད་ནི65. 2%ཡིན་ལ། ཆེས་དམའ་བའི་མར་ཆག་ཚད་ནི50. 01%ཡིན་ཞིང་། ཆ་སྙོམས་ཀྱི་མར་ཆག་ཚད54. 14%ཡིན་པ་དང་། མང་ཚོགས་ཀྱིས་ཡང་བསྐྱར་གཅིག་བསྡུས་ཉོ་སྒྲུབ་ཀྱི་ཁེ་ཕན་ལོངས་སུ་སྤྱད་ནས། སྲིད་ཇུས་ལག་ལེན་དུ་བསྟར་རྗེས་ནད་པའི་སྨན་རིན་གྱི་ཁུར་བོ་སྔར་ལས་ཇེ་ཡང་དུ་གཏོང་ཐུབ།
དངོས་སྦྱོང་སློབ་མ་རྡོ་རྗེ་རིན་ཆེན་གྱིས་བསྒྱུར།