ཟླ3པའི་ཚེས11ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དམངས་སྲིད་ཅུའུ་དང་། ཐེན་ཅིན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ། ཐེན་ཅིན་ཐའེ་ཏ་རྒྱལ་སྤྱིའི་སྙིང་ཁམས་ཁྲག་རྩའི་ནད་སྨན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི། ལྷན་སྐྱེས་ཀྱི་སྙིང་ནད་ཡོད་པའི་བྱིས་པར་རིན་མི་དགོས་པར་བརྟག་དཔྱད་བྱེད་པའི་བྱེད་སྒོ་རྩེ་ཁོག་རྫོང་མི་དམངས་སྨན་ཁང་དུ་སྤེལ།
ཐེན་ཅིན་གྲོང་ཁྱེར་ཐའེ་ཏ་རྒྱལ་སྤྱིའི་སྙིང་ཁམས་ཁྲག་རྩའི་ནད་སྨན་ཁང་ནས་ཡོང་བའི་ཆེད་ལས་སྨན་ཞབས་མི་སྣ5ཡིས་སྔོན་ཐོན་གྱི་ཚད་བརྒལ་སྒྲ་རླབས་སྙིང་འཕར་རི་མོ་སོགས་ཞིབ་དཔྱད་སྒྲིག་ཆས་སྤྱད་དེ། བྱིས་པ་ཚོའི་སྙིང་ཁམས་ལ་ཁྱོན་ཡོངས་དང་ཞིབ་ཕྲའི་སྒོ་ནས་བརྟག་དཔྱད་བྱས།
ཉིན་དེར་ཁྱོན་བསྡོམས་བྱིས་པ28རིན་མེད་བརྟག་དཔྱད་བྱེད་སྒོར་ཞུགས་པ་དང་། ཆེད་ལས་བརྟག་དཔྱད་བྱས་པ་བརྒྱུད། བྱིས་པ4ལ་རིགས་མི་འདྲ་བའི་ལྷན་སྐྱེས་ཀྱི་སྙིང་ནད་ཕོག་ཡོད་པའི་ངོས་འཛིན་བྱས་ལ། དེའི་ནང་ནས་བྱིས་པ3བཤག་བཅོས་ཀྱི་ཆ་རྐྱེན་དང་མཐུན་ཡོད། སྨན་ཞབས་མི་སྣས་ཡུལ་དངོས་ནས་ནད་ཕོག་པའི་བྱིས་པ་ཚང་མའི་ནད་གཞི་ནན་ཏན་དང་ཞིབ་ཕྲའི་སྒོ་ནས་ཐོ་འགོད་བྱས་པར་མ་ཟད། ཤ་ཚ་ཞིང་སྙིང་ཉེ་བའི་སྒོ་ནས་ནད་ཕོག་པའི་བྱིས་པའི་ཁྱིམ་བདག་ལ་ཚན་རིག་དང་མཐུན་ཞིང་ཆེད་ལས་ཅན་གྱི་སྨན་བཅོས་བྱེད་ཐབས་སྐོར་ནས་གསལ་བཤད་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་སྤྱི་ཕན་བྱེད་སྒོ་དེས་ཁྱོན་བསྡོམས་ལྷན་སྐྱེས་ཀྱི་སྙིང་ནད་ཡོད་པའི་བྱིས་པ144ལ་བརྟག་དཔྱད་བྱས་པ་དང་། བྱིས་པ33ཐེན་ཅིན་དུ་སོང་ནས་རིན་མེད་ངང་བཤག་བཅོས་སྨན་བཅོས་བྱས་ནས་ལེགས་འགྲུབ་བྱུང་། བྱེད་སྒོ་དེས་ནད་ཕོག་པའི་བྱིས་པའི་ཁྱིམ་ཚང་གི་དཔལ་འབྱོར་ཁུར་པོ་ཇེ་ཡང་དུ་བཏང་བར་མ་ཟད། བྱིས་པ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བའི་རེ་བའང་བསྩལ། དུས་མཚུངས་སུ། ས་ཁུལ་བར་གྱི་སྨན་བཅོས་ཐོན་ཁུངས་བརྗེ་རེས་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་བཏང་བར་མ་ཟད། ས་གནས་དེ་གའི་ལྷན་སྐྱེས་ཀྱི་སྙིང་ནད་ཡོད་པའི་ནད་པའི་སྨན་བཅོས་ཆུ་ཚད་མངོན་སུམ་ཇེ་མཐོར་བཏང་ནས། སྤྱི་ཚོགས་ཀྱིས་བྱིས་པའི་བདེ་ཐང་ལ་གཅེས་སྐྱོང་བྱེད་པའི་ཁོར་ཡུག་བཟང་པོ་བསྐྲུན།
བན་དེ་སྐྱབས་ཀྱིས་བསྒྱུར།