སྒོར་ཐེར་འབུམ་་གསུམ་དང་བྱེ་བ་དྲུག་གི་མཉམ་ལས་མ་དངུལ་གྱིས་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་རམ་འདེགས་བྱས།
2025.03.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་བཟོ་ལས་འཁོར་རྒྱུག་གི་ཆེད་དོན་བཀོད་གཏོང་ཐེངས་ལྔ་པ་དང་དངུལ་རྩས་བཟོ་འཕྲིན་ཁྱབ་ཁོངས་ཀྱི་སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བར་གྱི་སྦྲེལ་མཐུད་ལ་རྒྱབ་སྐྱོར་བྱེད་པའི་གྲོས་ཚོགས་སྟེང་། ཞིང་ཆེན་ནང་ཁུལ་གྱི་དངུལ་རྩའི་ལས་ཁུངས11དང་བཟོ་ལས་ཁེ་ལས་ཉེར་བདུན་བར་དུ་སྒོར་ཐེར་འབུམ་གསུམ་དང་བྱེ་བ་དྲུག་གི་འདོད་བློ་ཡིད་རྟོན་དངུལ་བུན་གྱི་མཉམ་ལས་བཀོད་དེ། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་སྒུལ་ཤུགས་ཆེན་པོ་བསྣན་པ་དང་། ལོ་ཧྲིལ་བོའི་བཟོ་ལས་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་མ་དངུལ་གྱི་འགན་སྲུང་འདོན་སྤྲོད་བྱས།

2024ལོའི་ལོ་སྨད་ནས་བཟུང་། ཞིང་ཆེན་བཟོ་འཕྲིན་ཐིན་གྱིས་ཁེ་ལས་ལ་སོང་ནས་ཞབས་འདེགས་ཞུ་བ་དང་ཡུལ་དངོས་ནས་གཞུང་སྒྲུབ་བྱེད་པའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ལ། འགན་འཁྲི་གཏན་ཁེལ་བྱས་ནས་སྲིད་ཇུས་གནད་ལ་འཁེལ་བ་སྤྱད་པ་དང་། མ་ལག་གི་བསམ་བློ་ཇེ་དྲག་ཏུ་བཏང་ཞིང་། ཁེ་ལས་གཅིག་ལ་སྲིད་ཇུས་གཅིག་དང་། ལས་རིགས་གཅིག་ལ་གསལ་ཕྲ་གཅིག་ཡོད་པ་གཞིར་བཟུང་ནས། ཁ་གཏད་རང་བཞིན་གྱི་བྱེད་ཐབས་སྤྱད་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་མཐུན་སྦྱོར་བྱས་ནས་ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་དང་ལས་གཞི་འཛུགས་སྐྲུན་ཁྲོད་ཀྱི་དངུལ་རྩའི་གནད་དོན་ཐག་བཅད་དེ། བརྟན་བརླིང་ངང་ཁེ་ལས་ལ་རོགས་བྱས་ནས་དངུལ་བསྲེས་བྱེད་པའི་ནུས་ཤུགས་ཇེ་མཐོར་བཏང་བ་དང་། གཙོ་གནད་ཁྱབ་ཁོངས་ལ་འདེགས་སྐྱོར་ཤུགས་ཆེན་བྱས་ལ། ཐོན་ལས་གཙོ་བོ་འཕེལ་རྒྱས་སུ་བཏང་། 2024ལོའི་ལོ་མཇུག་ཏུ། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དངུལ་བུན་གྱི་ལྷག་གྲངས་ཁྲག་ཁྲིག་གཉིས་དང་ཐེར་འབུམ་དྲུག་དུང་ཕྱུར་དགུ་བྱེ་བ་གཅིག་ས་ཡ་གཉིས་ཡོད་པ་དང་། དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ལྔ་དང་གྲངས་ཆུང་བརྒྱད་བཞི་འཕར་ལ། བཟོ་ལས་དངུལ་བུན་གྱི་ལྷག་གྲངས་ཀྱིས་དངུལ་བུན་སྣ་ཚོགས་ཀྱི་ལྷག་གྲངས་ཀྱི་བརྒྱ་ཆའི་ཉེར་དྲུག་དང་གྲངས་ཆུང་བཞི་གཉིས་ཟིན་པ་དང་། སྤྱི་ཁོག་ནས་རྣམ་པ་བཟང་བོ་མངོན།

སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བཅས་ཕྱོགས་གསུམ་གྱིས་མཉམ་ལས་དམ་ཟབ་བྱེད་པར་སྔར་ལས་ཤུགས་སྣོན་པ་དང་། ཁེ་ལས་ལ་སོང་ནས་ཞབས་འདེགས་ཞུ་བ་དང་། ཡུལ་དངོས་ནས་གཞུང་སྒྲུབ་བྱེད་པའི་འགུལ་སྐྱོད་ཐད་ནས་ཕན་འབྲས་ལེན་པར་སྐུལ་འདེད་གཏོང་ཆེད། དུས་སྔོན་མར་ཞིང་ཆེན་བཟོ་འཕྲིན་ཐིན་དང་ཞིང་ཆེན་ནང་ཁུལ་གྱི་དངུལ་རྩ་ལས་ཁུངས་སོ་སོས་བརྗེ་རེས་བཟང་བོ་དང་གྲ་སྒྲིག་གང་ལེགས་བྱས་པ་དང་། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་རྒྱུ་གཙོ་གནད་དུ་བྱས་ལ། བཟོ་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། འཐབ་ཇུས་མཉམ་ལས་ཀྱི་འདོད་བློ་དགུ་གྲུབ་པར་བྱས་པ་དང་། དངུལ་རྩའི་འདོན་སྤྲོད་ཀྱི་སྤུས་འབྲས་ཇེ་ཆེར་བཏང་། ཚོགས་ཐོག་ཏུ། ཞིང་ཆེན་བཟོ་འཕྲིན་ཐིན་དང་བཟོ་ཚོང་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། ཞིང་ཆེན་ཞིང་ལས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་སོགས་དངུལ་རྩ་ལས་ཁུངས་དགུ་ཡིས་སོ་སོར་སྔོན་ཐོན་ཐོན་ལས་ཀྱི་འདུ་རུབ་ཁེ་ལས་དེང་རབས་ཅན་དུ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱས་ནས་ཁེ་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་གཙོ་གནད་མི་འདྲ་བར་དམིགས་ནས་འཐབ་ཇུས་མཉམ་མཐུན་གྱི་སྒྲོམ་གཞིའི་གྲོས་མཐུན་བཀོད་པ་དང་། དེའི་དམིགས་འབེན་ནི་ཐེངས་འདིའི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་འགོད་རྒྱུ་གོ་སྐབས་སུ་བརྩི་བ་དང་། དངུལ་རྩ་ལས་ཁུངས་ཀྱིས་མ་དངུལ་དང་ཚན་རྩལ། ཐོན་ལས་དང་དངུལ་རྩ་མཉམ་ལས་སོགས་ཕྱོགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། བཟོ་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་དང་ལེན་བྱེད་པ། སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བཅས་ཕྱོགས་ཡོངས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་དངུལ་རྩའི་སྒུལ་ཤུགས་འདོན་སྤྲོད་བྱེད་རྒྱུ་དེ་རེད།


རིན་ཆེན་མཚོས་བསྒྱུར།