མཚོ་ནུབ་ཁུལ་གྱིས2025ལོའི་དཔྱིད་རླུང་འགུལ་སྐྱོད་དང་ཤར་ནུབ་རྒྱུད་ཀྱི་ངལ་རྩོལ་མཉམ་ལས་ཆེད་དོན་མི་བསྡུ་ཚོགས་འདུ་བསྡུས།
2025.03.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། གནད་ཕིགས་ཞབས་ཞུའི་དམངས་སེམས་ལ་དྲོད་ཁོལ་སྦྱིན་པ་བརྗོད་དོན་དུ་བྱས་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི2025ལོའི་དཔྱིད་རླུང་འགུལ་སྐྱོད་དང་ཤར་ནུབ་རྒྱུད་ཀྱི་ངལ་རྩོལ་མཉམ་ལས་ཆེད་དོན་མི་བསྡུ་ཚོགས་འདུ་ཟླ3པའི་ཚེས16ཉིན་གཏེར་ལེན་ཁ་གྲོང་ཁྱེར་ལྟེ་གནས་ཐང་ཆེན་དུ་བསྡུས།

ཐེངས་འདིའི་ཆེད་དོན་མི་བསྡུ་ཚོགས་འདུ་དེ་མཚོ་ནུབ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་སོགས་སྡེ་ཁག་གིས་མཉམ་འབྲེལ་སྒོས་བསྡུས་པ་དང་། བསྡོམས་པས་མཚོ་ནུབ་ཁུལ་དང་ཀྲེ་ཅང་ཞིང་ཆེན་གྱི་ཁེ་ལས་ཉིས་བརྒྱ་དང་བཅུ་བཞི་གདན་ཞུ་བྱས་ལ། ལས་རྐང་ཧ་ལམ་ཁྲི་གཅིག་དང་བདུན་བརྒྱ་འདོན་སྤྲོད་བྱས་པ་དང་། དེའི་ཁྲོད། མཚོ་ནུབ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཀྲེ་ཅང་ཞིང་ཆེན་གྱིས་ཁེ་ལས་བརྒྱ་དང་སོ་གཉིས་ཀྱིས་ལས་རྐང་སྟོང་དགུ་དང་སུམ་བརྒྱ་བཅུ་གཉིས་འདོན་སྤྲོད་བྱས་པ་དང་། དེས་ཐེངས་འདིའི་མི་བསྡུ་ཚོགས་འདུའི་སྤྱིའི་གྲངས་ཚད་ཀྱི་བརྒྱ་ཆའི་དགུ་བཅུ་ཙམ་ཟིན་ལ། རོགས་སྐྱོར་བྱེད་ཡུལ་གྱི་ལས་འཚོལ་བའི་ལས་ཞུགས་ལམ་བུ་རྒྱ་སྐྱེད་པ་དང་། ཤར་ནུབ་རྒྱུད་ངལ་རྩོལ་མཉམ་ལས་ཀྱི་ལྕགས་ཟམ་བཙུགས།

མི་བསྡུ་ཚོགས་འདུའི་ལས་རྐང་ཐད་ནས་ནུས་ཁུངས་གསར་བ་དང་གོ་མཚོན་བཟོ་སྐྲུན། རིག་གནས་ཡུལ་སྐོར། མྱུར་སྐྱེལ་ཚོང་སྐྱེལ། ཞག་སྡོད་བཟའ་བཏུང་ཞབས་ཞུ་སོགས་ལས་རིགས་ཁྱབ་ཁོངས་མང་པོ་འདུ་ལ། ཡུལ་དངོས་སུ་ཀྲེ་ཅང་ཞིང་ཆེན་གྱི་ཁེ་ལས་ཞབས་ཞུ་ཁུལ་དང་རིག་སྟོབས་ཞབས་ཞུ་ཆེད་ཁུལ། ལས་ཞུགས་ཞབས་ཞུའི་བློ་འདྲི་ཁུལ། ཁྱད་ལྡན་རིག་གནས་ཐོན་རྫས་འགྲེམ་སྟོན་ཁུལ་སོགས་ཁྱད་ལྡན་དུམ་ཚན་བཀོད་སྒྲིག་བྱས་ཡོད་པ་མ་ཟད། ཐད་གཏོང་བརྒྱུད་དེ་ལས་རྐང་ངོ་སྤྲོད་བྱེད་པ་དང་ལས་རྐང་སྦྲེལ་མཐུད། སྲིད་ཇུས་འགྲེལ་ཀློག ལས་རིགས་མཛུབ་སྟོན། ངལ་རྩོལ་ཁེ་དབང་སྲུང་སྐྱོབ་སོགས་ཀྱི་ས་ཚིགས་གཅིག་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱས་ནས། ལས་འཚོལ་བའི་ལས་རྐང་དགོས་མཁོ་བསྐངས་པ་དང་། མཚོ་ནུབ་ཁུལ་གྱི་སྤུས་ཚད་མཐོ་བའི་ངང་ལས་ཞུགས་གང་ལེགས་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས། བསྡོམས་རྩིས་ལྟར་ན། ཉིན་དེའི་མི་བསྡུ་ཚོགས་འདུའི་ཡུལ་དངོས་སུ་ལས་འཚོལ་བ་སྟོང་གཅིག་དང་ཉིས་བརྒྱ་ལྷག་ཞུགས་པ་དང་། མི་སུམ་བརྒྱ་དང་ཉེར་གཉིས་ཀྱིས་ལས་ཞུགས་འདོད་བློ་བཀོད་ལ། ལས་འཚོལ་བ་སྟོང་གཉིས་ལྷག་གིས་དྲ་ཐོག་གི་ཐད་གཏོང་ལ་བལྟས་པ་དང་། རིགས་མི་འདྲ་བའི་དྲིལ་སྒྲོག་ཡིག་ཆ་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་བཀྲམས།

རིན་ཆེན་མཚོས་བསྒྱུར།