མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཆུའི་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་།
2025.03.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་བསྡུས་པའི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སླར་གསོ་དང་བཅོས་སྐྱོང་བྱ་བའི་བགྲོ་གླེང་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱི་བསམ་བློའི་འདུ་ཤེས་དངོས་གནས་བསྒྱུར་བ་དང་། རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་མཉམ་འདྲེས་དང་ཞབས་ཞུ་སྒྲུབ་པ། ཁྲིམས་དང་སྒྲིག་སྲོལ་ལྟར་ལས་གཞི་ལག་བསྟར་བྱེད་པ། ལས་གཞི་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཕྱོགས་བཞི་ནས་མགོ་བཙུགས་ཏེ་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སླར་གསོའི་བཅོས་སྐྱོང་ལས་གཞིའི་དོ་དམ་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་།    བརྒྱུད་རིམ་ཧྲིལ་པོའི་གྲུབ་འབྲས་གདེང་འཇོག་དང་ལྟ་སྐུལ་ཞིབ་བཤེར་ལམ་སྲོལ་དོན་འཁྱོལ་བྱས་ཏེ། ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ་བཅོས་སྐྱོང་བྱ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས། ཞིང་ཆེན་ཡོངས་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་སྒོས་ཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཐད། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མ་ལག་གིས་རང་བྱུང་སླར་གསོ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མིས་བཟོས་ཐེ་གཏོགས་ཆུང་ཤོས་དང་རིན་དོད་ཆུང་ཤོས་ཀྱི་ཐོག་ནས་ཁྱོན་ཡོངས་སྲུང་སྐྱོབ་དང་མ་ལག་ཉམས་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱས་ཏེ་རང་བྱུང་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་གྱི་ཚད་གཞི་ཆེ་ཤོས་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་ཞབས་ཞུ་ཧུར་ཐག་གིས་སྒྲུབ་སྟེ། རྒྱལ་ཁབ་ཀྱི་སྲིད་ཇུས་གལ་ཆེན་གྱི་གོ་སྐབས་ཁོང་དུ་ཆུད་པ་དང་། སྤུས་ཚད་མཐོ་བའི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སླར་གསོའི་བཅོས་སྐྱོང་ལས་གཞི་སྐོར་ཞིག་ཚན་རིག་དང་མཐུན་པའི་འཆར་འགོད་གསོག་འཇོག་བྱས་ཏེ།  “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གཙོ་གནད་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཆར་འགོད་དམིགས་འབེན་མངོན་འགྱུར་འབྱུང་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས། བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ནས་ལས་གཞི་ལག་བསྟར་བྱེད་པ་དང་། དོ་དམ་ཕྱོགས་སྟོན་དང་ལག་རྩལ་ཕྱོགས་སྟོན་བཟོ་བཅོས་འཐུས་ཚང་དང་བེད་སྤྱོད་ཡག་པོ་བྱས་ཏེ། ལས་གཞི་འཆར་འགོད་ལག་བསྟར་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོ་ནས་ལས་གཞི་ལག་བསྟར་དང་དོ་དམ་ཚད་ལྡན་ནན་མོ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཉེན་བརྡ་རྒྱུན་པར་སྒྲོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ།   བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སྲིད་གཙང་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་། སྲིད་གཙང་གི་ཉེན་ཁ་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས། ལས་གཞིར་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་གཞི་ལག་བསྟར་བྱས་ཚུལ་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ཞིབ་བཤེར་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། གནད་དོན་སྔ་མོ་ནས་སྔོན་འགོག་དང་སྔ་མོ་ནས་དྲན་སྐུལ་བྱེད་པ། སྔ་མོར་ཤེས་པ།  སྔ་མོ་ནས་ཐག་གཅོད་བཅས་བྱས་ཏེ། ལས་གཞི་དོ་དམ་གྱི་ཕན་ནུས་དང་ལག་བསྟར་ཕན་འབྲས་སྲ་བརྟན་དང་མཐོ་རུ་གཏོང་དགོས།

ཤ་བོ་རིན་མཚོས་བསྒྱུར།