ཟླ3པའི་ཚེས17ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ལྷོ་ཁུལ་གྱིས་སྒོར་ཐེར་འབུམ་དགུ་ཡི་མཉམ་ལས་གྲོས་མཐུན་གན་རྒྱ་བཞག་པ་དང་། ལྗང་མདོག་རྩིས་ནུས་དང་རིག་གནས་ཡུལ་སྐོར། ནུས་ཁོངས་གཙང་མ་སོགས་ཁྱབ་ཁོངས་ཁེབས་ཡོད་ལ། རང་ཞིང་གི་ཐེངས་དང་པོའི"ལྗང་མདོག་རྩིས་གློག་ཞིང་ཆེན་མཉམ་སྒྲུབ་ཚོད་ལྟའི་གནས"འཛུགས་སྐྲུན་བྱེད་པར་གཞོགས་འདེགས་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། "ལྗང་གློག་ཕུན་སུམ་ཚོགས་པ་དང་། གནམ་གཤིས་བསིལ་བ། མཁའ་དབུགས་དག་གཙང"ཡིན་པའི་ཁྱད་ཆོས་ལ་བརྟེན་ནས། མཚོ་སྔོན་ལ་རྒྱལ་ཡོངས་ཀྱི་ཐེངས་དང་པོའི་ལྗང་མདོག་རྩིས་གློག་ཞིང་ཆེན་མཉམ་སྒྲུབ་ཚོད་ལྟའི་གནས་ཀྱི་ཆོག་མཆན་ཐོབ། མཚོ་ལྷོ་ཁུལ་ནི་རང་ཞིང་གི་ནུས་ཁུངས་གཙང་མའི་དཀྱིལ་སྙིང་ས་ཁུལ་དང"ཤར་གྲངས་ནུབ་རྩིས"རྒྱལ་ཁབ་སྒྲིག་བཀོད་ཀྱི་ལྟེ་བའི་དཀྱིལ་སྙིང་ཆེན་པོ་གཉིས་ཀྱི་ཁོངས་གཏོགས་ཡིན་པས། "མཐོ་སྒང་གི་གཞི་གྲངས་ཆེན་པོ"འཛུགས་པ་དང་། ལྗང་གློག་ལྗང་རྩིས་སུ་བསྒྱུར་བར་སྐུལ་འདེད་བྱེད་པའི་འཐབ་ཇུས་ལས་འགན་ཁུར་ཡོད། "ཆུ་འཛོམས་པ་དང་། འོད་མང་བ། རླུང་བཟང་བའི"རང་བྱུང་གི་ནུས་ཁུངས་ལ་བརྟེན་ནས། མཚོ་ལྷོ་ཁུལ་གྱིས"ཆུ་འོད་མཐུན་སྦྱོར་སྙོམས་སྒྲིག"མངོན་འགྱུར་བྱས་ཏེ། ལོ་རེའི་ཆ་སྙོམས་གློག་འདོན་ཚད་ཆུ་ཚོད་རེར་སྟོང་ཝ་ཐེར་འབུམ་ལྔ་དང་། ལྗང་གློག་གི་ཟིན་ཚད100%རུ་སླེབས་ཡོད། རླུང་ཤུགས་གློག་འདོན་དང་འོད་ཤུགས་གློག་འདོན་འཕྲུལ་ཆས་ཀྱི་ཤོང་ཚད་ཅི་ཝ40བརྒལ་བའི་འཆར་ཟིན་བཀོད་དེ། ལྗང་མདོག་རྩིས་ནུས་ལ་འདང་ངེས་ཀྱི་ཐཱན་ཉུང་ནུས་ཁུངས་འདོན་སྤྲོད་བྱས། མིག་སྔའི་བར་དུ། ཁུལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་དྲ་སྦྲེལ་འཕྲུལ་ཆས་སྟོང་ཝ་བྱེ་བ་གསུམ་དང་འབུམ་དྲུག་ཁྲི་དྲུག་ལ་སླེབས་པ་དང་། "སྟོང་ཝ་བྱེ་བ་ཅན་གསུམ་གྱི་རིམ་པའི"འཛུགས་སྐྲུན་དམིགས་འབེན་མངོན་འགྱུར་བྱས།
དེར་མ་ཟད། མཚོ་ལྷོ་ཁུལ་གྱིས་གཙང་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྗོད་བྱ་རུ་བྱས་ཏེ་རྒྱལ་ཁབ་རྒྱུན་མཐུད་ཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་བཞིན་ཡོད། རྒྱལ་ཁབ་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྒྲུན་པ་དང་། རྩིས་གློག་མཐུན་སྦྱོར་ཀྱི྇"ཐཱན་ཉུང"ཐོན་ལས་འདས་སྡོད་ཁུལ་འཕེལ་རྒྱས་གཏོང་བ་གཙོ་གནད་དུ་བཟུང་ནས། ནུས་ཤུགས་ཡོད་རྒུས"ལྗང་གློག"གིས"ལྗང་རྩིས"ལ་སྐུལ་འདེད་གཏོང་བ་དང་། "ལྗང་རྩིས"ཀྱིས"ལྗང་གློག"གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཁོར་སྐྱོད་ལེགས་པོ་བཙུགས་ཡོད། ཆེད་དམིགས་ཀྱི་བྱ་དགའ་དང་ཁ་གསབ་སྲིད་ཇུས་བཏོན་ནས། ལྗང་མདོག་རྩིས་ནུས་ལས་གཞི་མཐོ་ཤོས་ལ་མ་དངུལ་གྱི20%ཡི་བྱ་དགའ་སྤྲོད་པ་དང་། "གེགས་མེད་ལམ་ཡངས"བཏོད་དེ། མུའུ་རེར་སྒོར་ཁྲི་བཞི་མི་བརྒལ་བའི་མ་རྩ་དམའ་བའི་འགན་སྲུང་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་བྱས། མིག་སྔར། གཞི་གྲངས་ཆེན་པོའི་ཐོན་ལས་གླིང་ཁུལ་དུ་རིག་སྟོབས་གྲོང་ཁྱེར་ལྟེ་གནས་དང་། ལྗང་མདོག་རིག་རྩིས་ལྟེ་གནས་སོགས་དཀྱིལ་སྙིང་སྒྲིག་བཀོད་འཛུགས་སྐྲུན་ལེགས་འགྲུབ་བྱས་པ་དང་། གློག་དྲའི་ལྷུ་ལག་ཆ་ཚང་གིས་ལས་གཞི་རིམ་འཕར་དང་། "ལྗང་མདོག་རྩིས་ནུས་ཀྱིས་སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་པའི་སྣེ་ཁྲིད་པའི"འཕེལ་རྒྱས་ཀྱི་རྣམ་པ་མགྱོགས་མྱུར་ངང་འགྲུབ་པར་སྐུལ་འདེད་བཏང་།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།