ཟླ3པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སྲིད་འཛིན་སློབ་གླིང་གིས་གཙོ་སྒྲུབ་བྱས་པའི་སྐབས་དང་པོའི་ཞིང་ཆེན་ཡོངས་ཀྱི་སྤྱི་ཆོགས་བྱ་བའི་ལས་སྒོའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭ་ཟི་ལིང་དུ་ཚོགས་མགོ་བརྩམས་ལ། གྲོང་ཁྱེར་དང་ཁུལ། རྫོང་དང་ཆུས་ཏང་ཨུའི་སྤྱི་ཚོགས་བྱ་བའི་སྡེ་ཁག་གི་འགན་འཁུར་བའི་ཏང་འཛུགས་སྐྲུན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་དང་གཞི་རིམ་ཀྱི་སྲིད་དབང་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་པ་དང་། ལས་སྒོའི་རྐང་འཛིན་པ64 གསོ་སྦྱོང་ལ་ཞུགས།
ཐེངས་འདིའི་གསོ་སྦྱོང་གི་ཡུན་ཚད་ཉིན5ཡིན་ལ། གཙོ་བོ་ཡུལ་དངོས་ནས་སློབ་ཁྲིད་དང་། གྱོད་དཔེ་བརྗེ་རེས་དང་ཚན་ཆུང་བགོས་ནས་གྲོས་བསྡུར་བྱེད་སྟངས་སྤྱད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གཤིས་སློབ་གསོ། ལས་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བ་ཅས་ཀྱི་ནང་དོན་ལ་འབྲེལ་ཡོད་པ་དང་། འབྲེལ་ཡོད་ ཁྱབ་ཁོངས་ནང་གི་སྐད་གྲགས་ཅན་གྱི་ཆེད་མཁས་པ་དང་མཁས་པ་གདན་འདྲེན་བྱས་ཏེ་ཁ་བྱང་ལ་ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱ་དགོས་པའི་སྐོར་གྱི་རེ་བ་གལ་ཆེན། དུས་རབས་གསར་བའི་རྒྱལ་ཁབ་ཀྱི་བདེ་འཇགས་གནས་བབ་དང་རྒྱལ་སྲུང་འཛུགས་སྐྲུན་གྱི་ཆེད་ཁྲིད་སོགས་སྤེལ་དགོས་ལ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་བའི་་དང་ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་གི་དེང་རབས་ཅན་ལ་སྣེ་ཁྲིད་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞི་རིམ་དུ་བསྐྱོད་པ་བཞིའི་སྤྱོད་ཚུལ་བཟང་པོ་སོགས་གྱོད་དཔེ་སློབ་ཁྲིད་བཀོད་སྒྲིག་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་རྒྱུར་སྒྲིག་འཛུགས་བྱས་ཏེ་སྤེལ་བ་དང་། ཇི་ལྟར་བྱས་ཏེ་མིག་སྔའི་གཞི་རིམ་བཅོས་སྐྱོང་ཁྲོད་གྱི་དཀའ་གནད་དང་གཙོ་གནད་གནད་དོན་ལ་ཚན་ཆུང་དགར་ནས་གྲོས་བསྡུར་བྱས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བྱ་བའི་ལས་བྱེད་པའི་ཆབ་སྲིད་ཁ་ཕྱོགས་གཏན་འབེབས་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་བཀོད་སྒྲིག་བླང་བྱ་ལག་ལེན་དངོས་འབེབས་བྱེད་པར་སློབ་གསོའི་སྣེ་ཁྲིད་བྱས་ཏེ། མུ་མཐུད་དུ་ལས་བྱེད་པའི་གསར་གཏོད་ནུས་པའི་ཆུ་ཚད་ཇེ་མཐོར་བཏང་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་དགོས།
གསོ་སྦྱོང་ལ་ཞུགས་པའི་སློབ་མས་ལང་ལོང་སྒོས་བཤད་རྒྱུར། ཐེངས་འདིའི་གསོ་སྦྱོང་ནང་དོན་ཕུན་སུམ་ཚོགས་པ་དང་། དམིགས་སའི་རང་བཞིན་ཡོད་ལ། ཐེངས་འདིའི་གསོ་སྦྱོང་དེ་ཆེ་ཕྱོགས་ཁོང་དུ་ཆུད་པར་དང་། བསམ་ཕྱོགས་གསལ་བོ་བཟོ་བ། ཚད་གཞི་མཐོ་བའི་སྒོ་ནས་སྤྱི་ཚོགས་ལས་དོན་ལ་སྐུལ་འདེད་གཏོང་པའི་འགོ་འཛུགས་ས་འཆར་འགོད་བྱེད་པ་དང་། དོན་དངོས་དང་འབྲེལ་ནས་སློབ་སྦྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པ། གནད་དོན་ལ་དམིགས་ནས་སྦྱོང་བ་དང་། འགན་འཁྲི་ཁུར་ནས་བྱ་བ་ལེགས་པོར་བསྒྲུབས་དགོས་ལ། སྦྱངས་ནས་ཤེས་རྟོགས་དང་། གོ་བ་ལོན་པ། བཀོལ་སྤྱོད་བྱེད་པ་བཅས་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ཡོངས་ཡོངས་ཀྱི་སྤྱི་ཚོགས་བྱ་བའི་རྣམ་པ་གསར་བ་ཧུར་བརྩོན་གྱིས་གཏོད་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
ཏིང་འཛིན་མཚོ་མོས་བསྒྱུར།