མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཡིན་པ་དང་ཀྲུང་གོའི་ཆུ་ཁུངས་སྲུང་སྐྱོབ་ཁུལ་གལ་ཆེན་ཞིག་ཡིན་པས། ཆུའི་སྐྱེ་ཁམས་དང་ཆུའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ཧ་ཅང་ལྕི། ཁྲིམས་ལྟར་སྲུང་སྐྱོབ་དང་བཅོས་སྐྱོང་ནུས་ལྡན་བྱས་པ་བརྒྱུད། 2024ལོར། མཚོ་སྔོན་གྱིས་སྤྱི་ལེ་གྲུ་བཞི་མ308ཀྱི་ས་ཆུ་ཤོར་བ་བཅོས་སྐྱོང་བྱས་པ་དང་། ས་ཆུ་སྲུང་འཛིན་བྱས་ཚད77.4%བར་མཐོ་རུ་ཕྱིན་ཡོད། ཆུ་བོ་དང་མཚེའུ་ཡི་རྒྱང་ཚོར་ས་རིས9043ཞིབ་བཤེར་བྱས་ལ། “ཟང་ཟིང་བཞིའི”གནད་དོན་ཁག64བཅོས་སྒྲིག་བྱས་པས་ཞིབ་བཤེར་བཅོས་སྒྲིག་བྱས་ཚད100%ཟིན་ཡོད། ཞིང་ཆེན་ཡོངས་སུ་བདེ་སྐྱིད་ཆུ་བོ་དང་མཚེའུ66བསྐྲུན་ནས་མང་ཚོགས་བློ་ཡིད་ཚིམ་ཚད93.3%ཟིན་ཡོད། ཙོང་ཆུའི་འབབ་རྒྱུད་ཀྱི་ཆུའི་སྤུས་ཚད་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་བ་དང་། ཞིང་ཆེན་མཐའ་མཚམས་ ཀྱི་གཙོ་རྒྱུན་བཅད་ངོས་ཀྱི་ཆུའི་སྤུས་ཚད་རིགས་གསུམ་པ་བརྟན་པོའི་ངང་རྒྱུན་འཁྱོངས་བྱས་ཡོད།
མཚོ་སྔོན་གྱི་ཆུའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ནུས་ལྡན་ངང་དོན་འཁྱོལ་ཡག་པོ་བྱ་ཆེད། མཚོ་སྔོན་གྱིས《མཚོ་སྔོན་ཞིང་ཆེན་གྱི་ཆུ་དྲའི་འཆར་འགོད།》《འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་རྟེན་གཞི་འཛུགས་སྐྲུན་གྱི་ཆུའི་ཐོན་ཁུངས་འགན་སྲུང་སྲུང་སྐྱོབ་འཆར་འགོད།》《མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཆེད་དོན་འཆར་འགོད།》《མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་འགན་འཁྲིའི་ཆུ་བོ་དང་མཚེའུ་རྒྱུད་སྲུང་སྐྱོབ་དང་བེད་སྤྱོད་འཆར་འགོད།》《མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པས་དོ་དམ་བྱེད་པའི་ཆུ་ལམ་བྱེ་མ་སྔོག་འདོན་འཆར་འགོད》སོགས་ཀྱི་ནང་དོན་སྒྲིག་བཟོ་ལག་བསྟར་བྱས་ནས། མཚོ་སྔོན་གྱི་ཆུ་བེད་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་བཀོད་སྒྲིག་བྱས་ཡོད།
ཆུའི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་བྱ་བར་ཤུགས་སྣོན་ཆེད། མཚོ་སྔོན་གྱིས《རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས》དང《འབྲི་ཆུའི་སྲུང་སྐྱོབ་བཅའ་ཁྲིམས།》《མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》སོགས་ཁྲིམས་སྲོལ་སྲོལ་ཡིག་དོན་འཁྱོལ་ནན་མོ་བྱས་ཏེ། ཆུ་ཁོངས་མཚོ་རྒྱུད་དང་ས་ཆུ་སྲུང་འཛིན་བར་སྟོང་ལ་དོ་དམ་ཚོད་འཛིན་ནན་མོ་བྱས་ནས། ཆུ་བོ་དང་མཚེའུ་དོ་དམ་ཁྱབ་ཁོངས་སུ་ཁྲིམས་འགལ་གྱིས་བྱེ་མ་སྔོག་པ་དང་མིས་བཟོས་ས་ཆུ་ཤོར་བ་བཀག་འགོག་ནུས་ལྡན་བྱས་པས། ཆུའི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་བྱ་སྤྱོད་ལ་ཕན་ནུས་ཆེན་པོ་ཐོན།
2025ལོར། མཚོ་སྔོན་ཆུ་བེད་སྡེ་ཁག་གིས་གཅིག་གྱུར་འཆར་འགོད་དང་མ་ལག་བཅོས་སྐྱོང་བྱས་ནས་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ནུས་པ་ཆེ་རུ་གཏོང་དགོས། “མཉམ་དུ་སྲུང་སྐྱོབ་ཆེན་པོ་དམ་འཛིན་བྱེད་པ་ལས་གསར་སྤེལ་ཆེན་པོ་མི་བྱེད་པ”དང་། “སྲུང་སྐྱོབ་གཙོ་བོར་བཟུང་ནས་བཅོས་སྐྱོང་བྱ་དགོས”ཞེས་པའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ཏེ། རི་ཆུ་ནགས་ཚལ། ཞིང་ས། མཚེའུ། རྩྭ་ཐང་། བྱེ་མ་བཅས་ཀྱི་མ་ལག་བཅོས་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་ཁུངས་བཅོས་སྐྱོང་བཅས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་སྟེ། འབབ་རྒྱུད་ཀྱི་སྤྱི་ཡོངས་རང་བཞིན་དང་ཆུ་བོའི་མ་ལག་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པ་དང་། གཙོ་བོ་དང་ཡན་ལག སྟོད་རྒྱུད་དང་སྨད་རྒྱུད། གཡས་གཡོན་བཅས་ཀྱི་ངོགས་སྲུང་སྐྱོབ་བཅོས་སྐྱོང་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། ཆུ་ཁུངས་སྲུང་སྐྱོབ་ནུས་པ་ཆེ་རུ་གཏོང་དགོས། ཆུ་བོ་དང་མཚེའུ་དཔོན་ལམ་ལུགས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཆུ་བོ་དང་མཚེའུ་ཡི་མཚོ་འགྲམ་སྲུང་སྐྱོབ་དང་བེད་སྤྱོད་འཆར་འགོད། ཆུ་ལམ་བྱེ་མ་སྔོག་འདོན་འཆར་འགོད་དོན་འཁྱོལ་བྱས་ཏེ། ཆུ་ཁོངས་མཚོ་འགྲམ་རྒྱུད་ཀྱི་སྐྱེ་ཁམས་བར་སྟོང་དོ་དམ་ཚོད་འཛིན་ནན་མོ་བྱས་ནས། བར་སྟོང་ཆ་ཚང་དང་ནུས་པ་ཆ་ཚང་བའི་ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་བར་སྟོང་སྲུང་སྐྱོབ་བྱེད་པ་དང་། མཚོ་སྔོན་གྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱས་ཏེ། “ཀྲུང་ཧྭའི་ཆུ་མཛོད”ཀྱི་སྲུང་སྐྱོབ་པ་ཡག་པོ་བྱེད་དགོས།
ཤ་བོ་རིན་མཚོས་བསྒྱུར།