མཚོ་ལྷོ་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་གཞི་རིམ་གྲོང་གསེབ་སྨན་པའི་བྱ་བར་ཤུགས་བསྣན།
2025.03.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས18ཉིན། གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་པ་ལྟར་ན། གྲོང་གསེབ་སྨན་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སློབ་གྲྭ་ཆེན་མོ་སྡེ་བའི་སྨན་པར་ཡོང་བའི་ཆེད་དོན་འཆར་གཞི་ལག་བསྟར་བྱས་ཏེ།  ཆེད་དོན་སྒྲིག་ལུགས་ལག་བསྟར་བྱེད་པ་དང་། གླ་ཕོགས་ཀྱི་འགན་སྲུང་དང་སྐུལ་སློང་ལམ་སྲོལ་འཐུས་ཚང་དུ་བཏང་ནས། གྲོང་གསེབ་ཀྱི་སྨན་པས་བྱ་བ་སྒྲུབ་པ་ལེགས་ཤིང་སྡོད་ཚུགས་པར་བྱས།

སྡེ་བའི་སྨན་པའི་དཔུང་སྡེ་འཛུགས་སྐྲུན་ལེགས་པོ་བྱེད་ཆེད།  མཚོ་ལྷོ་ཁུལ་གྱིས་ཡུལ་ཚོས་གདན་ཞུ་དང་སྡེ་བས་བཀོལ་སྤྱོད་བྱེད་པའི་སྲིད་ཇུས་ལག་ལེན་བྱས་ཏེ། གྲོང་གསེབ་སྨན་པའི་ལས་རྐང་གི་འགུག་ཤུགས་མཐོར་འདེགས་སུ་བཏང་། རྫོང་ཁོངས་ནས་མི་བསྡུ་བྱས་པའི་སྐོར་དང་རིམ་པ་གོང་མ་ནས་བཀོད་སྒྲིག་བྱས་པའི་སྐོར། ཁ་གཏད་རོགས་སྐྱོར་རྣམ་པས་མི་བསྡུ་ལེན་བྱས་པའི་སྐོར།  སྐོར་བསྐྱོད་སྨན་བཅོས་ཀྱི་སྐོར་བཅས་སྐོར་ཅན་བཞིའི་མི་དོན་ཁ་གསབ་རྐྱེན་སྲོལ་བཙུགས་ནས། གཞི་རིམ་ཁ་ཕྱོགས་གཏན་འཁེལ་གྱི་སྨན་པ192སྐྱེད་སྲིང་བྱས་པ་དང་། སློབ་ཆེན་སློབ་མ51གྲོང་གསེབ་སྨན་པའི་ལས་རྐང་དུ་བསྡུ་ལེན་བྱས། ཁུལ་དང་རྫོང་ནས་རྐང་འཛིན་སྨན་པ60ལྷག་མངགས་ནས་གྲོང་གསེབ་ལ་ཞབས་ཞུ་དང་ཁ་གཏད་རོགས་སྐྱོར། མཚོ་སྐོར་དང་བླངས་སྨན་པ་གྲགས་ཅན70ལྷག་གིས་ཁུལ་དང་རྫོང་གི་སྨན་བཅོས་སྒྲིག་སྲོལ་ཁྲོད་ཞབས་ཞུ་སྒྲུབ་ནས། ཡུལ་ཚོ་དང་སྡེ་བ་རིམ་པ་གཉིས་ཀྱི་ཞབས་ཞུའི་ནུས་པ་མངོན་གསལ་གྱིས་མཐོར་འདེགས་བྱུང་།

མཚོ་ལྷོ་ཁུལ་གྱིས་ཞིབ་ཚགས་རྣམ་པའི་སྨན་བཅོས་སྤྱི་གཟུགས་འཛུགས་སྐྲུན་བྱས་ནས། གྲོང་གསེབ་སྨན་པའི་གླ་ཕོགས་དང་གཞི་རིམ་འཇོན་མིའི་རུ་དཔུང་གི་འགན་སྲུང་སོགས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། ཁོངས་གཏོགས་ཀྱི་རྫོང་ལྔའི་དོན་དངོས་ལ་གཞིགས་ནས། གྲོང་གསེབ་སྨན་པའི་གླ་ཕོགས་མཐོར་འདེགས་དང་རྒན་གསོའི་ཁ་གསབ་རོགས་དངུལ་སོགས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།