ལས་ཞུགས་བརྟན་པོ་དང་ལས་བཟོ་བར་འགན་ལེན་བྱེད་པ་བཅས་ཀྱི་བྱ་བ་སོ་སོ་ནུས་ཤུགས་ཡོད་རྒུས་ལེགས་པོར་སྒྲུབ་ནས། ལས་ཞུགས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་སྔར་ལས་མཐོ་རུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པ་རྣམས་ལ་སྤུས་ཚད་སྔར་ལས་མཐོ་བ་དང་ལས་ཞུགས་སྔར་ལས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་ཆེད། ཉེ་ལམ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ཆུ་དམར་ལེབ་རྫོང་གིས་ནོར་གནག་ཐང་ཆེན་དུ་དཔྱིད་རླུང་འགུལ་སྐྱོད་སྤེལ་ནས། 2025ལོའི་མཐར་ཕྱིན་སློབ་མ་དང་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་ཀྱི་དཔྱིད་དུས་མཉམ་འབྲེལ་གདན་ཞུའི་བྱ་འགུལ་སྤེལ།
ཐེངས་འདིའི་གདན་ཞུའི་ཚོགས་འདུའི་དམིགས་ཡུལ་ནི། ལས་ཀ་འཚོལ་མཁན་དང་མི་བཀོལ་སྤྱོད་བྱེད་པའི་ལས་ཁུངས་བར་དུ་ཕན་འབྲས་ལྡན་པའི་འབྲེལ་མཐུད་སྟེགས་བུ་བསྐྲུན་ནས། ཚོགས་པ་སྣ་ཚོགས་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་བ་དང་ཁེ་ལས་ཀྱི་ལས་སྒྲུབ་དང་ཐོན་སྐྱེད་སླར་གསོ་བྱེད་པར་རོགས་རམ་བྱས། བྱ་འགུལ་གྱི་ཡུལ་དངོས་སུ་མི་ཚོགས་ཀྱིས་ཁེངས་ཤིང་འགྲེམས་སྟེགས་ཀྱི་མདུན་དུ་བློ་འདྲི་མཁན་དང་ལས་ཀ་འཚོལ་མཁན་གྱིས་ཁེངས་འདུག ལས་ཀ་འཚོལ་མཁན་གྱིས་རང་ཉིད་དགའ་བའི་ལས་གནས་འཚོལ་བར་སྟབས་བདེ་ཡོང་ཆེད། གདན་ཞུའི་ཚོགས་འདུའི་ཡུལ་དངོས་སུ་ལས་ཞུགས་སྲིད་ཇུས་བློ་འདྲི་ས་ཚིགས་དང་ཡུལ་དངོས་གདན་ཞུའི་ས་ཚིགས་བཙུགས་ནས། ལས་ཀ་འཚོལ་མཁན་རྣམས་ལ་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ལས་ཞུགས་ཚོགས་འདུའི་བྱ་འགུལ་ཁྲོད་ས་གནས་ཀྱི་ལས་ཁུངས12ཀྱི་ལས་གནས35དང་། ན་གོར་མོ་ཡི་ལས་ཁུངས21གི་ལས་གནས308 པེ་ཅིང་ཁྲང་ཕིང་ཆུའུ་ཡི་ཁེ་ལས30ཡི་ལས་གནས་225བཅས་ཀྱིས་ལས་ཞུགས་མི་སྣ་བསྡུ་རུབ་བྱས་ཡོད་པ་རེད། མཁོ་འདོན་བྱས་པའི་ལས་གནས་ནི་ཞབས་ཞུའི་ལས་རིགས་དང་། ལག་རྩལ་ཞབས་ཞུའི་ལས་རིགས། བཟོ་སྐྲུན་ལས་རིགས་སོགས་ཁྱབ་ཁོངས་མང་པོ་འདུ་ལ་མཐོ་རིམ་མཐར་ཕྱིན་སློབ་མའི་དོ་དམ་དང་ལག་རྩལ་གྱི་ལས་གནས་ཡོད་ལ། དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་དང་། ཞིང་པ་ལས་བཟོ་བ། ལས་ཤོར་མི་སྣ་སོགས་ཚོགས་སྤྱིའི་ཞབས་ཞུའི་ལས་རིགས་རང་བཞིན་གྱི་ལས་གནས་ཀྱང་ཡོད་པ་རེད། ཆུ་དམར་ལེབ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་བྱ་འགུལ་དེ་གོ་སྐབས་སུ་བརྩིས་ནས། གདན་ཞུའི་བྱ་འགུལ་རབ་དང་རིམ་པ་མུ་མཐུད་དུ་སྤེལ་ནས་ཞབས་ཞུའི་འདུ་ཤེས་ཆེ་རུ་གཏོང་བ་དང་། མཁོ་སྤྲོད་སྟེགས་བུ་འཛུགས་པ། ལས་ཞུགས་སྲིད་ཇུས་ཤེས་རྟོགས་བྱེད་ཚད་མཐོ་རུ་གཏོང་བ། ལས་མི་བསྡུ་དཀའ་བ་དང་ལས་ཞུགས་དཀའ་བའི་གནད་དོན་ཐག་གཅོད་བྱས་ཏེ། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་སྟོབས་ཤུགས་ཕུལ།
གཡང་འབུམ་རྒྱལ་གྱིས་བསྒྱུར།