ཟླ3པའི་ཚེས་25ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན།བྱང་གསུམ་བཟོ་སྐྲུན་ལ་ཏན་ཏིག་སྒོས་སྐུལ་འདེད་གཏོང་ཆེད།སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་བརྟན་པོ་འཛུགས་པ་དང་།ད་ལྟའི་བར་དུ།ཞིང་ཆེན་ཡོངས་སུ་བྱེ་ཐང་བཅོས་སྐྱོང་དངོས་རྫས་ཏུན་འབུམ་གཅིག་དང་ཁྲི་གཉིས་སྟོང་དྲུག་སྐྱེལ་འདྲེན་ཉར་ཚགས་བྱས་ལ།ཕན་འབྲས་ལྡན་པའི་སྒོ་ནས་བྱེ་མ་བརྟན་པོ་གཏོང་བའི་བཟོ་སྐྲུན་ཀྱི་དགོས་མཁོ་བསྐང་།
ཞིང་ཆེན་ནགས་ལས་ཅུའུ་གྱིས་བྱེ་མ་བཅོས་སྐྱོང་བྱེད་པའི་དངོས་རྫས་འགན་སྲུང་བྱང་གསུམ་བཟོ་སྐྲུན་ཀྱི་གལ་ཆེའི་ལས་འགན་ནང་བཞག་པ་དང་། ཞིང་ཆེན་གྱིས་གཙོ་འགན་འཁུར་བ་བརྒྱུད་དེ། གྲོང་ཁྱེར་དང་རྫོང་སོ་སོས་བྱ་བའི་ལམ་སྲོལ་དོན་འཁྱོལ་དམ་འཛིན་བྱེད་པ་དང་། དངོས་རྫས་ཉར་ཚགས་དང་ཉོ་སྒྲུབ། སྐྱེལ་འདྲེན་སྦྲེལ་ཐག་དོ་དམ་བཅས་ལ་སྐུལ་འདེད་བཏང་ལ། དེར་མ་ཟད་འབྲས་རྩྭ་དང་བྱེ་འགོག་རྒྱུ་ཆ་སོགས་དངོས་ཟོག་གཙོ་བོ་སྒྲིག་བཀོད་ཆེད་དོན་བཀོད་གཏོང་དང་། སྔོན་ལ་དགོས་མཁོ་འཚོལ་ཞིབ་བྱས་ཏེ། མཁོ་སྤྲོད་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ། དངོས་ཟོག་བཀོད་གཏོང་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བ། གོ་རིམ་ལྡན་པའི་སྒོ་ནས་འགན་ལེན་བྱེད་དགོས།
ནུས་ཤུགས་ཡོད་རྒུས་བྱང་གསུམ་བཟོ་སྐྲུན་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་ཆེད། ཞིང་ཆེན་ནགས་ལས་ཅུའུ་ཡིས་ས་གནས་སོ་སོའི་ཚན་རིག་དང་མཐུན་པའི་ལས་སྒྲུབ་ཇུས་འགོད་བྱེད་པ་དང་།འབྲས་རྩྭ་གྲུ་བཞིའི་བྱེ་འགོག་དང་ས་གནས་རང་གི་སྐྱེ་དངོས་ཀྱི་མཉམ་འདྲེས་བྱེ་འགོག་རྣམ་པ་སྤྱད་དེ། ས་མཐོའི་འཁྱགས་གྲང་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ས་གནས་དེའི་རྒྱུ་ཆ་ལེན་པ་དང་རྒྱུ་ཆའི་ཚབ་བྱེད་སོགས་ཀྱི་ཇུས་གཞི་འཚོལ་ཞིབ་བྱས་ཏེ། འདམ་བུ་དང་བྱེ་མའི་ཁུག་མ་སོགས་བྱེ་བརྟན་རྒྱུ་ཆ་སྐབས་བསྟུན་ངང་འདེམས་ནས་དངོས་ཟོག་སྐྱེལ་འདྲེན་གྱི་མ་གནས་ཇེ་དམའ་རུ་བཏང་། དེ་དང་ཆབས་ཅིག་ཚན་རིག་ཞིབ་འཇུག་ཁང་དང་མཉམ་འབྲེལ་ཐོག་ལག་རྩལ་འདེགས་སྐྱོར་རིམ་བཞི་མཉམ་འགུལ་ལམ་སྲོལ་གྱི་རིགས་ཆེད་མཁས་པའི་ཚོགས་པ་འཛུགས་པ་དང་།ཚྭ་འདམ་གཤོང་ས་དང་གུང་ཧོ་གཤོང་ས་སོགས་གཙོ་གནད་ས་ཁོངས་སུ་ཚན་རྩལ་དཔེ་སྟོན་ས་ཚིགས12བཙུགས་ནས། འཁྱགས་གྲང་བྱེ་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་སྟངས་ཆགས་པ་དང་དངོས་ཟོག་བཀོད་སྤྱོད་བྱེད་ཚད་སྔར་ལས་ཆེ་རུ་བཏང་།
ད་ལྟའི་བར་དུ།ཞིང་ཆེན་ཡོངས་ཀྱིས་བྱང་གསུམ་བཟོ་སྐྲུན་བྱེ་བརྟན་ལས་གཞིའི་ལས་མགོ་ཚུགས་ཚད་བརྒྱ་ཆའི་བརྒྱར་སླེབས་ཡོད། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དུས་མཉམ་ལས་བརྒྱ་ཆའི་ཉི་ཤུ་ཇེ་མཐོར་སོང་། རྒྱུན་མཐུད་ངང་དངོས་ཟོག་ཚད་ལྡན་བཀོལ་སྤྱོད་འགན་སྲུང་བྱེད་ཆེད། ཞིང་ཆེན་ནགས་ལས་ཅུའུ་ཡིས་ནགས་ཚལ་དང་རྩྭ་ས་ལས་གཞི་སུས་འཇོན་དེ་འགུག་དང་འོས་སྐུལ་ལ་བཀག་སྡོམ་དགུ་སོགས་ལམ་ལུགས་པར་འགྲེམས་དང་། ཡིད་རྟོན་མེད་པའི་ཁེ་ལས་ཀྱི་མིང་ཐོ་ནག་པོ་བཙུགས་པ་མ་ཟད།འགན་གཙང་གཉིས་དང་འབྲེལ་ལྔའི་ལྟ་སྐུལ་ལམ་སྲོལ་ཁྱབ་གདལ་ཤུགས་ཆེན་བཏང་སྟེ།ཆེད་དོན་ལས་དོན་ཚན་ཆུང་སྒྲིག་འཛུགས་བྱས་ནས་འཐབ་ཕྱོགས་དང་པོར་བསྐྱོད་པ་དང་། དངོས་ཟོག་སྐྱེལ་འདྲེན་དང་ཨར་ལས་སྤུས་ཚད་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱས།
གཞན་ཡང་མཚོ་སྔོན་གྱིས་རང་འགུལ་ངང་ཀན་སུའུ་དང་ཞིན་ཅང་སོགས་ཁྱིམ་མཚེས་ཞིང་ཆེན་དང་། རང་སྐྱོང་ལྗོངས་དང་མཉམ་ལས་གཏིང་ཟབ་བྱས་པ་དང་། ས་ཁོངས་ལས་བརྒལ་བའི་མཉམ་འབྲེལ་འགོག་སྲུང་དང་མཉམ་འབྲེལ་བཅོས་སྐྱོང་ལམ་སྲོལ་བཙུགས་ནས།མཉམ་འབྲེལ་འགོག་སྲུང་དང་མཉམ་འབྲེལ་བཅོས་སྐྱོང་ཇུས་གཞི་མཉམ་དུ་བཟོ་བ་དང་། བྱེ་མ་བཅོས་སྐྱོང་ཉམས་མྱོང་མཉམ་སྤྱོད་བཅས་བྱས་ཏེ། བྱེ་བཅོས་བྱ་བར་སྔར་ལས་སྐུལ་འདེད་བཏང་སྟེ། བྱེ་མ་བཅོས་སྐྱོང་གི་དཀའ་གནད་ཐག་གཅོད་བྱས་ཏེ། ས་ཁོངས་སྐྱེ་ཁམས་འགོག་སྲུང་གི་ལངས་གཟུགས་དྲ་རྒྱ་ཆགས་ཡོད།
ཏིང་འཛིན་མཚོ་མོས་བསྒྱུར།