མཚོ་སྔོན་གྱིས་བོད་ལུགས་གསོ་རིག་གི་སྨན་སྣ150སྨན་བཅོས་འགན་སྲུང་གཏོང་སྤྲོད་ཁྱབ་ཁོངས་སུ་བཅུག
2025.03.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས25ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དང་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།  རང་ཞིང་གི་སྨན་རྫས་ལྟ་སྐུལ་དང་དོ་དམ་སྡེ་ཁག་གིས“དབང་ཆ་གཤམ་སྤྲོད་དང་།  གློད་སྡོམ་ཟུང་འབྲེལ།  ཞབས་ཞུ་ལེགས་སྒྱུར”བཅས་ཀྱི་བླང་བྱ་ལྟར།  སྨན་རྫས་ལྟ་སྐུལ་དང་དོ་དམ་སྡེ་ཁག་གིས་ལག་བསྟར་བྱས་པའི་ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་གྱི་ཆོག་འཐུས་དོན་ཚན་དག“ལག་ཁྱེར་ལོགས་འབྱེད”བཅོས་བསྒྱུར་གྱི་ཡོངས་སུ་ཁེབས་པའི་དོན་ཚན་གསལ་ཐོ་རུ་བཅུག་པ་དང་།  སྔར་ལས་ལྷག་པའི་སྒོ་ནས་བརྟན་བརླིང་དང་འདྲ་མཉམ་ཡིན་པ།  ཕྱི་གསལ་ནང་གསལ་དང་སྔོན་དཔག་ཐུབ་པ་བཅས་ཀྱི་ཁྲོམ་རའི་ཁོར་ཡུག་བསྐྲུན་ཡོད།

མི་རིགས་ཀྱི་སྨན་རྫས་ཐོན་སྐྱེད་རྒྱུད་འཛིན་དང་གསར་གཏོད་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་ཆེད།  རང་ཞིང་གི་གནས་ཚུལ་དང་བསྟུན་ནས།  མི་རིགས་སྨན་རྫས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བྱེད་ཐབས་སྣ་མང་སྤྱད་པ་མ་ཟད།  ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྨན་བཅོས་འགན་སྲུང་།  འཕྲོད་སྟོན་བདེ་ཐང་སོགས་སྡེ་ཁག་དང་མཉམ་འབྲེལ་སྒོས་བོད(སོག)ལུགས་སྨན་བཅོས་ལས་ཁུངས་ཀྱི་སྨན་རྫས་སྨན་བཅོས་འགན་སྲུང་དཀར་ཆག་བཟོས་ཏེ།  བོད(སོག)ལུགས་སྨན་བཅོས་ལས་ཁུངས་ཀྱི་སྨན་སྣ492དང་།  བོད་ལུགས་གསོ་རིག་གི་སྨན་སྣ150སྨན་བཅོས་འགན་སྲུང་གཏོང་སྤྲོད་ཁྱབ་ཁོངས་སུ་བཅུག

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།