ཟླ3པའི་ཚེས18ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དཔལ་འབྱོར་འཁོར་སྐྱོད་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་ཆེད། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་ཉེ་ལམ《ཞིང་ཕྱུགས་ལས་ཀྱི་ཐོན་ཚད་བརྟན་པོ་དང་གྲངས་ཚད་བརྟན་པོ་ཡོང་བའི་མཁྲེགས་གཏོར་འགུལ་སྐྱོད་ཇུས་གཞི》བཟོས་ནས། འབྲུ་རིགས་བདེ་འཇགས་དང་ཕྱུགས་ལས་ཐོན་ནུས། ཆུ་གྲང་ཉའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ཕྱིར་གཏོང་ཡུལ་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕྱིར་གཏོང་རྒྱ་སྐྱེད་བཅས་ཁྱབ་ཁོངས་ཆེན་པོ་སྐོར་ཞིག་ལ་དམིགས་ནས། 2025ལོའི་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་དང་གྲངས་ཚད་བརྟན་པོ་ཡོང་བའི་དམིགས་འབེན་ལས་འགན་དང་། དེ་མིན་མཁྲེགས་གཏོར་བྱེད་ཐབས་ཞིབ་ཕྲ་ཁ་གསལ་བཟོས་ཏེ། གྲུབ་ཚུལ་ལེགས་སྒྲིག་དང་སྦས་ཤུགས་སྔོག་འདོན། ལག་རྩལ་ཤུགས་ཆེར་གཏོང་བ། མཉམ་འདྲེས་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་སྔར་ལས་ཆེ་རུ་གཏོང་བ་དང་། འབྲུ་རིགས་བདེ་འཇགས་དང་ཞིང་ཕྱུགས་ཐོན་རྫས་གལ་ཆེན་མཁོ་སྤྲོད་བྱེད་པར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་རྒྱུ་རེད།
འབྲུ་སྣུམ་དང་སྔོ་ཚལ་གྱི་འཕར་ཚད་བརྟན་པོ་མཁྲེགས་གཏོར་བྱེད་པ། ཐོན་ཚད་དང་ཐོན་ནུས། ཐོན་སྐྱེད་སྐྱེ་ཁམས། ཐོན་སྐྱེད་འཕར་སྣོན་དང་ཡོང་འབབ་འཕར་སྣོན་བཅས་མཉམ་དུ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།འབྲུ་རིགས་དང་འབྲུ་སྣུམ་གྱི་གཞི་ཁྱོན་ཆེ་བའི་ཐོན་ཚད་མཐོ་རུ་གཏོང་རྒྱུ་དང་། གཙོ་གནད་ལག་རྩལ་ཁྱབ་སྤེལ་ཇེ་མགྱོགས་སུ་གཏོང་བ། ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། རྨོ་ཞིང་སྲུང་སྐྱོབ་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། སྔོ་ཚལ་གྲང་མོའི་ཐོན་སྐྱེད་དམ་འཛིན་བྱེད་པ། ཚན་རྩལ་གྲུབ་འབྲས་ཁྱབ་སྤེལ་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་ཐབས་དྲུག་གསལ་བོར་བཏོན་ཏེ། འབྲུ་རིགས་ལོ་ཏོག་འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ་ས་ཡ་བཞི་དང་འབུམ་ལྔའི་ཡན་གཏན་འཇགས་ཡོང་བ་དང་། སྣུམ་ཞིང་ལོ་ཏོག་མུའུ་ས་ཡ་གཉིས་དང་འབུམ་གཉིས་ཁྲི་བཞིའི་ཡན་ཟིན་པ། འབྲུ་རིགས་ཐོན་ཚད་ཏུན་ས་ཡ་གཅིག་དང་འབུམ་གཉིས་ཡན་ཟིན་པ། སྣུམ་ཞིང་གི་སྤྱིའི་ཐོན་ཚད་ཏུན་འབུམ་གསུམ་དང་ཁྲི་གསུམ་ཡན་བཅས་ཀྱི་ལོ་འཁོར་གྱི་དམིགས་འབེན་མངོན་འགྱུར་ཡོང་བ་འགན་ལེན་བྱ་རྒྱུ་རེད།
ཕྱུགས་ལས་ཀྱི་ཐོན་ནུས་བརྟན་པོ་ཡོང་བར་མཁྲེགས་གཏོར་བྱེད་པ། ནོར་ལུག་ཤའི་ཐོན་འཕར་མཁོ་སྤྲོད་འགན་ལེན་དམིགས་འབེན་དུ་བྱས་ཏེ། ནོར་སྲིད་ཀྱི་ཁ་གསབ་དང་དངུལ་རྩའི་འགན་བཅོལ་གྱི་རྒྱབ་སྐྱོར་ཆེ་རུ་གཏོང་བ་དང་།འབྲོག་ལུག་ཐོན་ལས་མཉམ་འདྲེས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྩྭ་ཐང་ཕྱུགས་ལས་ཚུལ་སྒྱུར་རིམ་སྤོར་ཚོད་ལྟ་ཇེ་མགྱོགས་སུ་གཏོང་བ། ལྗང་མདོག་སྐྱེ་ལྡན་ཕྱུགས་རིགས་ཐོན་རྫས་ཀྱི་སྤུས་རྟགས་རིན་ཐང་མཐོར་འདེགས་གཏོང་བ། ཐོན་སྐྱེད་དང་ཕྱིར་ཚོང་ལྟ་ཞིབ་ཚད་ལེན་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་ཐབས་ལྔ་གཏན་འབེབས་བྱས་ཏེ། ལོ་ཧྲིལ་པོའི་ཤ་དང་འོ་མ། སྒོ་ང་བཅས་ཀྱི་ཐོན་ཚད་སོ་སོར་ཏུན་འབུམ་བཞི་དང་ཁྲི་གཉིས་དང་། ཏུན་འབུམ་གསུམ་དང་ཁྲི་གཉིས། ཏུན་ཁྲི་གཅིག་དང་སྟོང་དགུའི་ཡན་དུ་བསླེབ་པ་དང་། ནོར་ལུག་ས་ཡ་དགུ་དང་འབུམ་བཞི་གསོ་ཁ་ནས་འབུད་པའི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་ཐབས་བྱ་དགོས།
ལྗང་མདོག་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་རྒྱ་ཆེར་གཏོང་བར་མཁྲེགས་གཏོར་བྱེད་དགོས། རིན་ཐང་མཐོ་བའི་ཕྱིར་གཏོང་བྱ་རྒྱུ་དམིགས་འབེན་དུ་བྱས་ཏེ། ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་ཕྱུགས་ཐོན་ལས་མཉམ་འདྲེས་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་དང་ཞང་ཀང་བར་གྱི་བརྗེ་རེས་གྲུབ་འབྲས་རྗེས་འདེད་དོན་འཁྱོལ་བྱེད་པ། ཚོང་འགུག་མ་འཇོག་ཇེ་མང་དུ་གཏོང་བ།དྲིལ་བསྒྲགས་ངོ་སྤྲོད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་སོགས་བྱེད་ཐབས་གལ་ཆེན་ལྔ་ལག་བསྟར་བྱ་རྩིས་ཡོད་པ་དང་། ཕྱིར་གཏོང་སྦྲེལ་ཐག་འཐུས་ཚང་དུ་གཏོང་བ་དང་ཕྱིར་གཏོང་སྟེགས་བུ་མཐོར་འདེགས་བྱེད་པ། ཕྱིར་གཏོང་ཡུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལོ་ཧྲིལ་པོར་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཏུན་ས་ཡ་གཅིག་དང་འབུམ་གཅིག་ཡན་དང་རིན་ཐང་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་ལྔ་བར་བརྟན་པོ་ཡོང་བར་བྱ་དགོས།
བྱ་སྤྱོད་ལ་སྐུལ་འདེད་ནུས་ལྡན་ཡོང་བར་འགན་ལེན་བྱེད་ཆེད། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་ཆེད་དོན་ལས་དོན་ཚན་ཆུང་བཙུགས་ནས། བཀོད་གཏོང་ལས་དོན་ཇུས་གཞི་བཟོས་ཏེ་སྡེ་ཚན་གྱི་མཐུན་སྦྱོར་དང་སྲིད་ཇུས་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མ་དངུལ་དང་ལག་རྩལ། ཁྲོམ་ར་སོགས་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་རྒྱུ་མ་ཟད། མ་ལག་ཚང་བའི་ལས་འགན་ལས་བགོས་རེའུ་མིག་དང་དམིགས་འབེན་ལས་འགན་བཀོད་གཏོང་རེའུ་མིག་གཞིར་བཟུང་ནས། དུས་བཀག་ལྟར་ལས་འགན་འཕེལ་རིམ་ལ་ལྟ་སྐུལ་དང་དཔྱད་ཞིབ་བྱེད་རྒྱུ་དང་། གྲོང་ཁྱེར་དང་ཁུལ་སོ་སོས་ཀྱང་ལས་འགན་དབྱེ་འབྱེད་དང་མ་ལག་ཚང་བའི་སྲིད་ཇུས་བཟོ་བའི་བྱ་བ་སྒྲུབ་སྟེ་མཁྲེགས་གཏོར་བྱེད་ཐབས་ལག་བསྟར་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་རྒྱུ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།