མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་སྦགས་བཙོག་བཅོས་སྐྱོང་མཁྲེགས་གཏོར་ལ་སྐུལ་འདེད་བཏང་ནས་རྒྱུན་མཐུད་ངང་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱས།
2025.03.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ3པའི་ཚེས26ཉིན། ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི2025ལོའི་སྐབས་དང་པོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་རྩ་འཛུགས་བྱས་ནས་བསྡུས་ཤིང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་ཐིན་ཀྲང་ཨའེ་ཧའེ་ཁྲིན་གྱིས2024ལོའི་ཞིང་ཆེན་ཡོངས་ཀྱི་སྦགས་བཙོག་བཅོས་སྐྱོང་མཁྲེགས་གཏོར་ཀྱི་གནས་ཚུལ་ལ་གཞིགས་ཏེ་གསར་འགྱུར་གཏམ་བཤད་གནང་།

ཐཱན་ཉུང་གཏོང་དང་སྦགས་བཙོག་ཉུང་གཏོང་། ལྗང་མདོག་ཆེ་རུ་གཏོང་བར་རོགས་ལས་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བཅོས་བསྒྱུར་བྱེད་པ་ལྟེ་བར་བཟུང་སྟེ། མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་སྦགས་བཙོག་བཅོས་སྐྱོང་མཁྲེགས་གཏོར་གི་འགན་འཁྲི་གལ་ཆེན་ལ་སྐུལ་འདེད་གཏོང་བ་དང་། ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་གཏན་འཇགས་ངང་བཅོས་བསྒྱུར་བྱས། འབྱུང་ཁུངས་མང་པོར་མཐུན་སྦྱོར་ངང་བཅོས་སྐྱོང་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་མཁའ་དབུགས་སྤུས་ཚད་བཟང་བོའི་ཉིན་གྲངས་བསྡུར་ཚད་བརྒྱ་ཆའི96.8ཡིན་པ་དང་། ས་གནས་ཡན་གྱི་གྲོང་ཁྱེར་གྱིPM_[2.5]ཆ་སྙོམས་འདུས་ཚད་ཝེ་ཁེ་སྨི་གྲུ་བཞི་མ་བརྒྱ་ཆའི19.1ཡིན་ལ། འདས་པའི་ལོ་གཅིག་ནང་། མཚོ་སྔོན་ཞིང་ཆེན་གྱིས་མཁའ་དབུགས་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་བྱེད་པའི་འགུལ་སྐྱོད་འཆར་གཞིའི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་པའི་རྨང་གཞིའི་སྟེང་། རྒྱུན་མཐུད་ངངPM_[2.5]བཅོས་སྐྱོང་བྱེད་པ་གཙོ་ཐིག་དུ་འཛིན་པ་དང་། སྦགས་བཙོག་དངོས་པོ་མཐུན་སྦྱོར་ངང་ཚོད་འཛིན་བྱེད་པར་ཤུགས་བསྣན་ནས། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་མ་དངུལ་དུང་ཕྱུར9དང་བྱེ་བ9ས་ཡ5བཀོད་སྒྲིག་བྱས་པ་དང་། བྱང་ཕྱོགས་ས་ཁུལ་གྱི་དགུན་དུས་དག་གཙང་དྲོད་འདོན་ལག་བསྟར་བྱེད་པ་དང་། བཟོ་ལས་དང་ཁེ་ལས་གཏིང་ཟབ་སྒོས་བཅོས་སྐྱོང་བྱེད་པ། འགུལ་སྐྱོད་འབྱུང་ཁུངས་ཀྱི་དོ་དམ་སོགས་རྣམས་གྲངས41ལ་རྒྱབ་སྐྱོར་དང་ལག་བསྟར་བྱས་ནས། སོལ་རླངས་དྲོད་ཐབ་ཀྱི་ཐཱན་ཉུང་བཅོས་བསྒྱུར་བྱས་ཚད་ཏུན218དང་། རྡོ་སོལ་བཀོལ་བའི་ཁྱིམ་ཚང་ཁྲི7སྟོང8དྲུག་བརྒྱར་བཅོས་སྐྱོང་བྱེད་པ་ཡོངས་འགྲུབ་བྱས་པར་མ་ཟད། རླངས་འཁོར་རྙིང་བ་ཁྲི1དང་སྟོང6མེད་པར་བཏང་།

རྒྱུན་མཐུད་ངང་ཆུ་གསུམ་གཅིག་འདོམས་བྱས་པ་དང་། གཏིང་ཟབ་སྒོས་རྨ་ཆུ་དང་འབྲི་ཆུ། ཙོང་ཆུ། མཚོ་སྔོན་པོ་སོགས་བཞུར་བརྒྱུད་གལ་ཆེན་ལ་སྲུང་སྐྱོང་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱུན་མཐུད་ངང་རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་བཙོག་ཆུ་ལ་བཅོས་སྐྱོང་བྱས་ཏེ། གྲོང་རྡལ་དང་ཡུལ་ཚོའི་གཅིག་བསྡུས་རྣམ་པའི་འཐུང་ཆའི་ཆུ་ཁུངས་སྲུང་སྐྱོང་དབྱེ་འབྱེད་དང་བཅོས་སྐྱོང་བྱ་བར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས་ལ། གལ་ཆེའི་ཁུལ་ཁོངས་ཀྱི་མཚོ་དང་མཚེའུའི་བཙོག་ཆུ་བཅོས་སྐྱོང་བྱེད་པའི་ལོ་ཧྲིལ་བོའི་ལས་འགན་ལེགས་འགྲུབ་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་གྱི་ཆུ་སྦགས་བཙོག་བཅོས་སྐྱོང་གི་མ་དངུལ་སྒོར་ཐེར་འབུམ1དུང་ཕྱུར8དང་བྱེ་བ4ས་ཡ4བཀོད་སྒྲིག་བྱས་པ་དང་། འཐུང་ཆའི་ཆུ་ཁུངས་ཀྱི་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱས་ཏེ། ཁུལ་ཁོངས་གི་ཆུའི་སྦགས་བཙོག་བཅོས་སྐྱོང་དང་ཆུའི་སྐྱེ་ཁམས་སླར་གསོ་སོགས་རྣམས་གྲངས34ལ་རྒྱབ་སྐྱོར་བྱས། 2024ལོར། ཞིང་ཆེན་ཡོངས་ཀྱི་ས་ངོས་ཆུ་རྒྱུན35ཡི་རྒྱལ་ཁབ་དཔྱད་ཞིབ་ཀྱི་བསྡུར་ཚད་བརྒྱ་ཆའི་བརྒྱར་སླེབས་ཡོད། རྨ་ཆུའི་གཙོ་རྒྱུན་དང་། འབྲི་ཆུ། རྫ་ཆུ་སོགས་ཞིང་ཆེན་ལས་བརྒལ་བའི་ཆུའི་སྤུས་ཚད་གཏན་འཇགས་ངང་རིགས2རིམ་པ་ཡན་རྒྱུན་འཁྱོངས་བྱས་ལ། ཙོང་ཆུའི་ཞིང་ཆེན་ལས་བརྒལ་བའི་ཆུའི་སྤུས་ཚད་རིམ་པ3ཅན་ཡན་དུ་སླེབས་ཡོད་པ་དང་། མཚོ་སྔོན་པོ་དང་། ཚ་རྔ་འགག་སོགས་ཆུ་མཛོད་གལ་ཆེན་གྱི་ཆུའི་སྤུས་ཚད་བཟང་།

ཉེན་ཁ་དོ་དམ་ཚོད་འཛིན་ནན་པོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྦགས་བཙོག་ཐེབས་པའི་རྨོ་ཞིང་དང་གཙོ་གནད་འཛུགས་སྐྲུན་ས་ཞིང་བདེ་འཇགས་བེད་སྤྱོད་ཀྱི་ཚད་སོ་སོར་བརྒྱ་ཆའི99དང་བརྒྱ་ཆའི100ཟིན་ལ། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་དོ་དམ་ཚོད་འཛིན་བྱེད་ཚད་བརྒྱ་ཆའི41.3བར་མཐོ་རུ་བཏང་སྟེ། རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་སྔོན་ལ་ལེགས་གྲུབ་བྱུང་ནས། མིག་སྔའི་བར་ཞིང་ཆེན་གྱིས་ས་རྒྱུའི་སྦགས་བཙོག་ཉེན་ཁ་དོ་དམ་ཚོད་འཛིན་ཉམས་གསོའི་མིང་ཐོ་བཟོས་ནས་ས་འོག་གི་ཆུའི་ཁོར་ཡུག་གནས་ཚུལ་ལ་བརྟག་དཔྱད་དཔྱད་འཇོག་བྱེད་པ་ལེགས་གྲུབ་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་སྦགས་བཙོག་འགོག་བཅོས་ཀྱི་ཡུན་རིང་དཔྱད་ཞིབ་མ་ལག་གཞི་རྩའི་ཐོག་ཉེན་ཡོད་དངོས་རྫས་དང་། འབྲེལ་བ་ཡོད་པའི་གཙོ་གནད་ཁེ་ལས་བཅས་ཀྱི་འཚོ་བའི་གད་སྙིགས་ཐག་གཅོད་བྱེད་སས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་།

ཏིང་འཛིན་མཚོ་མོས་བསྒྱུར།