གསར་འགོད་པས་ཟླ3པའི་ཚེས26ཉིན་བསྡུས་པའི་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐིན་གྱི2025ལོའི་དཔྱིད་དུས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 《མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འོས་འགན་གསལ་ཐོ》བཟོ་བཅོས་བྱས་རྗེས། འགན་འཁྲིའི་དོན་ཚན་སྔར་གྱི242ནས260རུ་ཁ་བསྣོན་བྱས་ཡོད་ལ། འབྲེལ་ཡོད་སྡེ་ཁག་གིས“འཕེལ་རྒྱས་ལ་དོ་དམ་དང་ལས་རིགས་ལ་དོ་དམ། ཐོན་སྐྱེད་ལ་དོ་དམ་བྱེད་དགོས་ན་ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་ལ་དོ་དམ་བྱེད་དགོས”བའི་བླང་བྱ་དོན་འཁྱོལ་བྱེད་པར་རྒྱུན་མཐུད་ངང་སྐུལ་མ་གཏོང་བར་གལ་ཆེའི་འདེགས་སྐྱོར་འདོན་སྤྲོད་བྱས།
“འགན་འཁྲི་གཏན་ཕབ”ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་ཆེད། 《འོས་འགན་གསལ་ཐོ》བཟོ་བཅོས་བྱས་རྗེས་ད་ལོའི་ཟླ་དང་པོར་པར་འགྲེམ་དང་ལག་བསྟར་བྱས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་གཙོ་གནད་དུ་འཛིན་པ་དང་། འོས་འགན་དོན་ཚན་གྱི་ནང་དོན་འཐུས་ཚང་དུ་གཏོང་བར་ཤུགས་བཏོན་ནས། འགན་འཁྲི་གསར་སྣོན་དང་སྡེ་ཁག་གི་འོས་འགན་དོན་ཚན་ལེགས་སྒྲིག་བྱེད་པ་ལས་གཞན་ད་དུང་སྔར་ཡོད་ཀྱི་སྒྲོམ་གཞིར་སྙོམས་སྒྲིག་བྱས་མེད་པ་དང་། དེའི་ཁྱབ་ཁོངས་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་གྱི་འབྲེལ་ཡོད་སྡེ་ཁག ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་སོ་སོ། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས། ཞིང་ཆེན་ཁྲིམས་འཛིན་ལས་ཁུངས། ཞིང་ཆེན་ཞིབ་དཔྱོད་ཁང་སོགས་ཞིང་ཆེན་རིམ་པའི་རྒྱལ་ཁབ་ལས་ཁུངས52ལ་ཁེབས་ཡོད།
བཟོ་བཅོས་བྱས་རྗེས། གྲོས་ཚོགས་ཀྱི་ནང་དོན་གསར་བ་གསལ་ཐོ་རུ་བཀོད་པ་དང་། གསར་ཏུ་བཙུགས་པའི་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་ཡི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་མི་དམངས་ཀྱི་ཁེ་ཕན་མཐུན་སྦྱོར་དང་དང་བླངས་ཞབས་ཞུ། བདེ་འཇགས་སྡེ་ཁུལ་འཛུགས་སྐྲུན་སོགས་ཀྱི་འབྲེལ་ཡོད་འགན་འཁྲི་གསལ་ཐོ་རུ་བཅུག ཉེ་བའི་ལོ་འགའི་རིང་རྒྱལ་ཁབ་དང་ཞིང་ཆེན་རིམ་པས་ཁྱབ་བསྒྲགས་ལག་བསྟར་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛེར་སྒྲའི་འབག་བཙོག་བཅོས་སྐྱོང་བཅའ་ཁྲིམས》དང《མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སའི་འཛུགས་སྐྲུན་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་མིན་ཐཱན་རྩེར་སོན་དང་ཐཱན་སྙོམས་སྒྲིག ཁོར་ཡུག་གི་ཁུལ་དབྱེ་དོ་དམ་དང་ཚོད་འཛིན། སྐྱེ་ཁམས་ཁོར་ཡུག་གི་གནོད་ཐེབས་སྐྱིན་ཚབ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཀྱི་སྤྱིའི་འཆར་འགོད་སོགས་འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ཡོད་པའི་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་། བཟོ་ལས་དང་ཆ་འཕྲིན་ཅན། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སོགས་སྡེ་ཁག་བཅུ་བཞིས་འགན་འཁྲིའི་དོན་ཚན་ལ་འོས་འཚམ་གྱི་ཁ་གསབ་དང་ལེགས་སྒྲིག ལེགས་བསྒྱུར། འཐུས་ཚང་བཅས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་དངུལ་རྩའི་གཞུང་སྒྲུབ་ཁང་སོགས་ལས་ཁུངས་གསུམ་གྱི་མིང་བརྗེས་པར་མ་ཟད། ཞིང་ཆེན་སྒྲིག་ཁྲིམས་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ས་ཡོམ་ཅུའུ་ཡིས་བཏོན་པའི་གསར་བསྣན་དོན་ཚན་དག་གསལ་ཐོ་རུ་བཅུག 《འོས་འགན་གསལ་ཐོ》དང་འབྲེལ་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མེད་པར་བཟོས་ཟིན་པའི་འབྲེལ་ཡོད་སྲིད་ཇུས་ཡིག་ཆའི་ནང་དོན་དུས་མཉམ་དུ་བསུབས་ཏེ། རྒྱལ་ཁབ་སྲིད་ཇུས་གཅིག་གྱུར་ཡོང་བར་ཁག་ཐེག་བྱས།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།