ཟླ3པའི་ཚེས27ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་སློབ་གསོའི་ཡར་སྐུལ་སྲོལ་ཡིག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 2025ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།
སྲོལ་ཡིག་ལ་བསྡོམས་པས་ལེའུ་བདུན་དང་དོན་ཚད་ཞེ་དགུ་ཡོད་ལ། གཙོ་བོ་སྤྱིའི་རྩ་དོན་དང་ཁྱིམ་ཚང་གི་འགན་འཁྲི། སྲིད་གཞུང་གི་རྒྱབ་སྐྱོར། སློབ་གྲྭའི་མཛུབ་སྟོན། སྤྱི་ཚོགས་མཐུན་སྦྱོར། ཁྲིམས་ལུགས་འགན་འཁྲི། ཞར་བྱུང་དོན་ཚན་བཅས་འདུ།
སྲོལ་ཡིག་ལས་ཁྱིམ་ཚང་དང་སྲིད་གཞུང་། སློབ་གྲྭ། སྤྱི་ཚོགས་བཅས་སོ་སོའི་ཁྱིམ་ཚང་སློབ་གསོའི་ཁྲོད་ཀྱི་འགན་འཁྲི་གཏན་འཁེལ་གསལ་བོ་བྱས་པ་དང་། སྲིད་གཞུང་གིས་ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས་བཅས་ཁྲོད་ཀྱི་མཛུབ་སྟོན་བྱེད་ནུས་ནན་བཤད་བྱས་ཏེ། ཁྱིམ་ཚང་དང་ཁྱིམ་བདག་གི་ཁྱིམ་ཚང་སློབ་གསོའི་ཁྲོད་ཀྱི་འགན་འཁྲི་གཙོ་བོ་དང་། སྲིད་གཞུང་དང་སྤྱི་ཚོགས་སོ་སོའི་ལས་འགན་ཁྱབ་ཁོངས་ནང་གི་འགན་འཁྲི་གཏན་འཁེལ་གསལ་བོ་བྱས།
སྲོལ་ཡིག་ལས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྡེ་ཁག་སོ་སོར་མཐུན་སྦྱོར་བྱས་ནས་ཁྱིམ་ཚང་སློབ་གསོའི་སྐུལ་སྤེལ་བྱ་བ་དམ་འཛིན་ལེགས་པོ་བྱེད་པའི་འགན་ནུས་གཏན་འཁེལ་གསལ་བོ་བྱས་པ་དང་། དེ་དང་མཉམ་དུ་རང་ཞིང་གི་ཁྱིམ་ཚང་སློབ་གསོའི་ཁྱད་ཆོས་གསལ་བོར་མངོན་ཡོད་ཅིང་། གོང་གི་བཅའ་ཁྲིམས་ཀྱི་དོན་ཚན་གཙོ་བོ་དག་ཞིབ་ཕྲར་བཟོས་པ་དང་ཁ་གསབ་བྱས་ཏེ། གོང་གི་བཅའ་ཁྲིམས་ནང་གི་ཀུན་སྤྱོད་གཤིས་ཀ་དང་ལུས་ཕུང་བྱང་ཚད། འཚོ་བའི་བྱེད་ནུས། རིག་གནས་གསོ་སྦྱོང་། སྤྱོད་ཚུལ་གོམས་གཤིས་སོགས་ཁྱིམ་ཚང་སློབ་གསོའི་ནང་དོན་གཙོ་བོར་དམིགས་ནས། སེམས་ཁམས་བདེ་ཐང་གི་གཏན་འབེབས་ལ་ཁ་སྣོན་བྱས། དེ་དང་མཉམ་དུ། ཁྱིམ་ཚང་སློབ་གསོའི་སྐུལ་སྤེལ་བྱ་བའི་རྨང་གཞིའི་རང་བཞིན་དང་ཡུན་རིང་རང་བཞིན། རྒྱ་ཆེའི་རང་བཞིན་བཅས་ལ་གཞིགས་ནས། སྲོལ་ཡིག་གི་རྒྱུད་འཛིན་རང་བཞིན་དང་ཆད་གཅོད་རང་བཞིན་གྱི་གཏན་འབེབས་ཟུང་འབྲེལ་བྱེད་པར་དོ་སྣང་བྱས་ཏེ། འགན་འཁྲིའི་དབང་ཆ་དང་ཆད་གཅོད་གཉིས་གཅིག་གྱུར་བྱས།
ལྷ་མོ་འཚོས་བསྒྱུར།