མཚོ་སྔོན་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སྐུལ་སྤེལ་སྲོལ་ཡིག་དེ2025ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།
2025.03.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ3པའི་ཚེས27ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སྐུལ་སྤེལ་སྲོལ་ཡིག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 2025ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

སྲོལ་ཡིག་ལ་བསྡོམས་པས་ལེའུ་བདུན་དང་དོན་ཚན་བཅུ་གསུམ་ཡོད་ལ། གཙོ་བོ་སྤྱིའི་རྩ་དོན་དང་འཕེལ་རྒྱས་ཀྱི་འཆར་འགོད། གསར་འབྱེད་བེད་སྤྱོད། དྲ་འབྲེལ་སེལ་ལེན། ཐོན་ལས་གསར་གཏོད། འགན་སྲུང་ལྟ་སྐུལ། ཞར་བྱུང་དོན་ཚན་བཅས་འདུ།

སྲོལ་ཡིག་ལས་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཀྱི་ཁྲིམས་འཛུགས་དམིགས་འབེན་དང་སྤྱིའི་རྩ་དོན། རྩ་འཛུགས་འགན་འཁྲི། དྲིལ་སྒྲོག་སློབ་གསོ། འཕེལ་རྒྱས་ཁ་ཕྱོགས་དང་དམིགས་འབེན་ལས་འགན་གཙོ་བོ་བཅས་གཏན་འབེབས་གསལ་བོ་བྱས། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་གཏོང་དགོས་ན་སྐྱེ་ཁམས་སྲུང་སྐྱོབ་གཙོ་བོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས་ལ། འཆར་འགོད་ཁྲིད་སྟོན་དང་གཅིག་འདོམས་འཕེལ་རྒྱས། གསར་གཏོད་སྐུལ་སྤེལ། ནུས་མཐོའི་འཕེལ་རྒྱས་བཅས་བྱས་ཏེ། དམངས་ཚིས་གཙོ་བོར་བཟུང་ནས་འཕེལ་རྒྱས་མཉམ་སྤྱོད་བྱེད་དགོས་པ་གཏན་འཁེལ་གསལ་བོ་བྱས།

སྲོལ་ཡིག་ལས་འཕེལ་རྒྱས་འཆར་འགོད་ཐད་ནས་རིམ་པ་སོ་སོའི་སྲིད་གཞུང་སྡེ་ཁག་གི་ལས་འགན་གསལ་བོ་བྱས་ཡོད་ལ། འཆར་འགོད་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ཡིན་པ་འགན་སྲུང་བྱས། སྣ་མང་བྱེད་པོ་ཟབ་ཞུགས་བྱེད་པར་སྐུལ་འདེད་བཏང་བ་དང་། ཕྱོགས་བསྡུས་ནུས་ཁུངས་ལས་གཞིར་རྒྱབ་སྐྱོར་བྱས་ལ། དག་གཙང་ནུས་ཁུངས་བེད་སྤྱོད་ཁྱབ་ཁོངས་རྒྱ་བསྐྱེད། གློག་དྲའི་ཁེ་ལས་ཀྱིས་ལས་གཞི་དྲ་རྒྱར་ཞུགས་པར་འགན་སྲུང་བྱེད་པ་དང་། སེལ་ལེན་ནུས་པ་མཐོར་འདེགས་གཏོང་བར་མ་ཟད་ལྗང་གློག་ཉོ་ཚོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན། ཐོན་ལས་གསར་གཏོད་ཀྱི་ཕྱོགས་ནས། ལག་རྩལ་དང་ཚད་གཞི་གསར་སྒྱུར་བྱེད་པར་སྐུལ་འདེད་བཏང་བ་དང་། ཐོན་ལས་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་སྟེ། དགེ་མཚན་ལྡན་པའི་ཚོགས་པ་བཙུགས། ལྟ་སྐུལ་འགན་སྲུང་གི་ཕྱོགས་ནས། མ་དངུལ་དང་ས་ཞིང་སོགས་ཕྱོགས་མང་པོའི་ཐད་འདེགས་སྐྱོར་འདོན་སྤྲོད་བྱས་པ་དང། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་ལྟ་སྐུལ་དོ་དམ་རྒྱུགས་བཤེར་ལ་ཤུགས་བསྣན།

ལྷ་མོ་འཚོས་བསྒྱུར།