མཚོ་སྔོན་གྱི་ཚན་རྩལ་ཆེད་མངགས་པ་ཞིང་ཁར་སོང་ནས་དཔྱིད་འདེབས་བྱ་བར་གཞོགས་འདེགས་བྱས།
2025.03.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ནམ་ཟླ་ཇེ་དྲོར་གྱུར་བ་དང་བསྟུན་ནས་མཚོ་སྔོན་གྱི་ས་ཆ་སོ་སོས་དཔྱིད་འདེབས་གྲ་སྒྲིག་བྱེད་མགོ་བརྩམས། ཟླ3པའི་ཚེས27ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2025ལོར། ཞིང་ཆེན་ཚན་རྩལ་ཐིན་གྱིས་ཚན་རྩལ་ཆེད་མངགས་པ་སྟོང་གཅིག་འདེམས་པ་དང་ཚན་རྩལ་ཆེད་མངགས་པའི་བྱ་བའི་ས་ཚིགས་བརྒྱ་དང་བརྒྱད་བཙུགས། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ཆེད་མངགས་པས་དཔྱིད་འདེབས་གྲ་སྒྲིག་གི་འགག་རྩའི་དུས་སྐབས་དམ་འཛིན་བྱས་ཏེ། ཞིང་ཁར་སོང་ནས་ཞིང་ལས་ཚན་རྩལ་ཤེས་བྱ་ཁྱབ་གདལ་བཏང་ལ། དཔྱིད་ཀའི་འདེབས་འཛུགས་ལ་མཛུབ་སྟོན་བྱས་པ་དང་། ཡུལ་བབ་དང་བསྟུན་ནས་རིགས་སྣ་གསར་བ་དང་ལག་རྩལ་གསར་བ་རྒྱ་ཁྱབ་ཏུ་སྤེལ་ཞིང་། ཞིང་ལས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ངང་གསར་སྤེལ་བྱས།

ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ཆེད་མངགས་པས་སྒྲོག་འགྲེལ་གཅིག་དང་སྐུལ་འདེད་གསུམ་གྱི་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ། ས་གནས་སྲིད་གཞུང་དང་ཚན་རྩལ་དོ་དམ་སྡེ་ཁག་ལ་གཞོགས་འདེགས་བྱས་པ་དང་། གཞི་རིམ་གྱི་རོང་འབྲོག་མང་ཚོགས་དང་ཞིང་ལས་མཉམ་ལས་ཁང་། ཁྱིམ་ཚང་གི་ཞིང་ར། ཞིང་ལས་ཁེ་ལས་སོགས་ཞབས་འདེགས་ཞུ་ཡུལ་ལ་ཁ་གཏད་ནས། གོ་བདེ་ཞིང་ཤེས་སླ་བའི་སྐད་ཆས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆའི་དགོངས་དོན་དང་ཚན་རྩལ་གྱི་ཞིང་སྟོབས་ཞིང་ཕན་སྲིད་ཇུས་དྲིལ་སྒྲོག་ཟབ་མོ་བྱས་ལ། སྲིད་ཇུས་ལ་རྐང་འཛུགས་པ་དང་དངོས་ཡོད་དང་ཟུང་འབྲེལ་བྱས་ཏེ། ཐོན་སྐྱེད་འཚོ་བའི་ཁྲོད་སེམས་ཁུར་བྱེད་ཀྱིན་པའི་གཙོ་གནད་དང་། དཀའ་གནད་དང་དོགས་གནད་བཅས་ལ་དྲིས་ལན་གསལ་བོ་བཏབ་པ་དང་། རོང་འབྲོག་མང་ཚོགས་དེ་སྲིད་ཇུས་རྟོགས་མཁན་དང་ཁེ་ཕན་ཐོབ་མཁན་དུ་འགྱུར་བར་སྐུལ་འདེད་བཏང་།

ཚན་རྩལ་ཆེད་མངགས་པའི་ཆེད་ལས་ཀྱི་དགེ་མཚན་འདོན་སྤེལ་ལེགས་པོ་བྱས་ནས། གཞི་རིམ་གྱི་གནད་དོན་ཞིབ་བཤེར་བྱས་པ་དང་། གཙོ་བོར་རྒྱབ་སྐྱོར་བྱེད་པའི་ཁྱད་ལྡན་དགེ་མཚན་ཐོན་ལས་གཏན་འཁེལ་གསལ་བོ་བྱས་ལ། ཚོང་བདག་དང་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་ཀྱི་བརྩོན་སེམས་རང་བཞིན་ལ་སྐུལ་སློང་བྱས་པར་མ་ཟད། ཞིང་བཀོལ་དངོས་རྒྱུ་སྐྱེལ་འདྲེན་དང་གསོག་འཇོག་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ས་བོན་དང་ལུད་རྫས། འགྱིག་ཤོག གཞི་རྫས། སྐྱེ་དངོས་ཞིང་སྨན། སྐྱེ་སྲུང་འཕྲུལ་ཆས་སོགས་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་རིན་གོང་སྒོར་ས་ཡ་གཉིས་དང་འབུམ་གསུམ་ལྷག་བྱིན་པ་དང་། མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་ནུས་ལྡན་སྒོས་ཐག་གཅོད་བྱས་ནས། དཔྱིད་འདེབས་གྲ་སྒྲིག་གི་ཞིང་རྒྱུ་འགན་སྲུང་ཇེ་དམ་དུ་བཏང་།

ཚན་རྩལ་ཆེད་མངགས་པའི་བྱ་བའི་ས་ཚིགས་ཀྱི་ལོ་ཧྲིལ་བོའི་འཆར་གཞི་དང་ཟུང་འབྲེལ་བྱས་ཏེ། འཇོན་མི་གཞི་རིམ་དུ་བསྐྱོད་པ་དང་། ཚན་རྩལ་གཞི་རིམ་དུ་བསྐྱོད་པ། ཞིང་གསུམ་ལ་ཞབས་འདེགས་ཞུ་བ་བཅས་རྒྱུན་འཁྱོངས་བྱས་ལ། གཞི་རིམ་གྱི་ཚན་རྩལ་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་བཏང་བ་དང་། འབྲུ་རིགས་ཐོན་སྐྱེད་དང་ཁྱད་ལྡན་འདེབས་གསོ་སོགས་ཕྱོགས་ཀྱི་གཅིག་སྡུད་གསོ་སྦྱོང་དང་ལག་རྩལ་མཛུབ་སྟོན་བྱས་ནས། ལག་རྩལ་གྲུབ་འབྲས་ཤེས་པ་དང་། བརྒྱུད་སྤྲོད་ཐུབ་པ། བེད་སྤྱོད་བྱེད་ཐུབ་པ་བཅས་ལ་སྐུལ་འདེད་བཏང་ཞིང་། ཐོན་སྐྱེད་ཁྲོད་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་པར་རོགས་རམ་བྱས་ལ། ལག་རྩལ་གྱི་ཆུ་ཚད་དང་ཐོན་སྐྱེད་ཕན་འབྲས་གཉིས་ཀ་མཉམ་དུ་མཐོར་འདེགས་བཏང་བ་དང་། སོན་བཟང་དང་ལག་རྩལ་བཟང་པོ། ཐབས་ལམ་ཡག་པོ་བཅས་ཀྱི་དཔེ་སྟོན་རྒྱ་བསྐྱེད་དེ། གཞི་རིམ་ཞིང་ལས་ཐོན་སྐྱེད་ཀྱི་མགོ་ཡག་པོ་རྩོམ་པ་དང་གོམ་སྟབས་བརྟན་པོ་སྤོ་བར་ལག་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱས།

ལྷ་མོ་འཚོས་བསྒྱུར།