མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གསར་གཏོད་དང་ཚན་རྩལ་ཁྱབ་གདལ་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།
2025.03.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་རྒྱས་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། 2024ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་ཁེ་ལས་གསར་གཏོད་འཕེལ་རྒྱས་སུ་གཏོང་བ་དང་རིག་མཛོད་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་བ། སློབ་ཚོགས་ཀྱི་ནང་ཡོད་གསོན་ཤུགས་ཆེར་སྐྱེད་པ་སོགས་ཀྱི་ཕྱོགས་ནས་གྲུབ་འབྲས་མངོན་གསལ་བླངས་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐད་སྒུལ་ཤུགས་གསར་བ་བསྣན་ཟེར།

ཁེ་ལས་གསར་གཏོད་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་ནས། ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་འབད་བརྩོན་ཆེན་པོ་བྱས་ཏེ། ལས་གཞི་གསུམ་ཚན་རྩལ་གསར་གཏོད་ཀྱི་ཀྲུང་གོའི་ཚན་རྩལ་ཞབས་ཞུ་ཚོགས་པའི་ལས་གཞི་རུ་ཡིག་ཐོག་སྙན་ཞུ་བྱས་པར་མ་ཟད་དེའི་ཁྲོད་བདམས་པ་དང་། ཁེ་ལས་ཉེར་གསུམ་སྟེགས་བུ་་བྱེད་པར་སྣེ་ཁྲིད་བྱས། དགོས་མཁོའི་མཛོད་དང་ལས་གཞིའི་མཛོད། འཇོན་མིའི་མཛོད་འཛུགས་སྐྲུན་བྱེད་པ་བརྒྱུད་དེ། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཞབས་ཞུ་ཐེངས་རིམ་ཉིས་བརྒྱ་ལྷག་ཡོངས་འགྲུབ་བྱས་ནས། ལག་རྩལ་ལས་གཞི་སྤོ་བསྒྱུར་དང་གྲུབ་འབྲས་བསྒྱུར་བར་སྐུལ་འདེད་བཏང་།

རིག་མཛོད་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་བའི་ཕྱོགས་ནས། ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་མཐོ་རིམ་གླེང་སྟེགས་དང་བཞུགས་མོལ་ཚོགས་འདུ་ཐེངས་མང་པོ་བསྡུས་པ་དང་། ཡོན་ཧྲི་དང་ཆེད་མཁས་པ་གདན་ཞུ་བྱས་ནས་མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་ཐད་བློ་འདོན་ཇུས་འབུལ་བྱེད་དུ་བཅུག སྒྲིག་སྤེལ་བྱས་པའི་མཚོ་སྔོན་ཞིང་ཆེན་ཚན་རྩལ་བྱ་བ་སྒྲུབ་མཁན་གྱི་བློ་ཇུས་ཞེས་པར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱིས་ཐེངས་མང་པོར་ཁས་ལེན་རང་བཞིན་གྱི་མཆན་བཀོད་མཛུབ་སྟོན་བཀོད་དེ། སྲིད་གཞུང་གི་ཚན་རིག་གི་ཇུས་ཆོད་བཀོད་པའི་ཐད་ཤུགས་ལྡན་འདེགས་སྐྱོར་འདོན་སྤྲོད་བྱས།

སློབ་ཚོགས་ཀྱི་ནང་ཡོད་སྒུལ་ཤུགས་ཆེར་སྐྱེད་པའི་ཕྱོགས་ནས། ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་འགོ་ཁྲིད་དེ་ལྗང་མདོག་རྩིས་ནུས་ཐོན་སློབ་མཉམ་འབྲེལ་ཚོགས་པ་བཅུགས་པ་དང་། བྱ་བའི་ཚད་གཞི་གཏན་འབེབས་བྱས་ནས། བསླབ་ཚན་གྱི་ལས་རིགས་བརྒལ་བའི་མཉམ་བསྲེས་ཐད་སྐུལ་འདེད་བཏང་། ཞིང་ཆེན་རིམ་པའི་སློབ་ཚོགས་སོ་སོས་རང་སྟེང་གི་དགེ་མཚན་ལ་ཟུང་འབྲེལ་བྱས་ནས། རིག་གཞུང་བརྗེ་རེས་དང་ཚན་རྩལ་ཞབས་ཞུ་བྱ་འགུལ་སྤེལ་བ་དང་། ལོ་ཧྲིལ་བོར་རིག་གཞུང་བརྗེ་རེས་བྱ་འགུལ་ཐེངས་ཉིས་བརྒྱ་ལྷག་སྤེལ་ལ། ཚན་རྩལ་ཞབས་ཞུ་ཐེངས་བརྒྱ་ལྷག་འདོན་སྤྲོད་བྱས་ཏེ། སློབ་ཚོགས་ཀྱི་གསོན་ཤུགས་སྔར་ལས་ཆེར་སྐྱེད།

གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱེད་པའི་ཕྱོགས་ནས། ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་གྲོང་གསེབ་དར་སྤེལ་གྱི་ཐོན་ལས་བློ་འདྲི་ཚན་ཆུང་བཙུགས་ནས་གཞི་རིམ་དུ་སོང་ནས་ཚན་རྩལ་ཞབས་ཞུ་སྤེལ་བ་དང་། གཞི་རིམ་གྱི་ཞིང་ལས་ལག་རྩལ་མཐུན་ཚོགས་རྩ་འཛུགས་ཀྱི་ནུས་པ་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ལས་གཞིའི་ཡིག་ཐོག་སྙན་ཞུ་ཕུལ་བ་མ་ཟད་ལེགས་འགྲུབ་བྱུང་། སོན་སྣ་གསར་བ་དང་ལག་རྩལ་གསར་བ་ཁྱབ་གདལ་བྱེད་པ་དང་ཞིང་སྐྱོར་ཞིང་ཕན་གྱི་བྱ་བ་སྤེལ་ནས། གྲོང་གསེབ་དར་སྤེལ་དང་དབུལ་ཐར་ཁྱིམ་ཚང་གི་ལས་སྐྲུན་ཡོང་འཕར་ཐད་འདེགས་སྐྱོར་ཤུགས་ལྡན་འདོན་སྤྲོད་བྱས།

ཚན་རྩལ་ཁྱབ་གདལ་བྱ་བའི་ཕྱོགས་ནས། ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་རྒྱུན་མཐུད་ངང་སྐྱེ་ཁམས་ཚན་རྩལ་ཁྱབ་གདལ་གྱི་བརྗོད་སྙིང་ཚོང་རྟགས་གསར་སྐྲུན་བྱས་པ་དང་། སྐྱེ་ཁམས་ཚན་རྩལ་ཁྱབ་གདལ་གྱི་དྲིལ་སྒྲོག་སློབ་གསོའི་དཔེ་དེབ་སྒྲིག་འགྲེམ་བྱས་ལ། སྐྱེ་ཁམས་ཚན་རྩལ་ཁྱབ་གདལ་གྱི་སློབ་གསོ་རྟེན་གཞི་འཛུགས་སྐྲུན་བྱས་པ་མ་ཟད། ཚན་རྩལ་ཁྱབ་གདལ་དགོན་སྡེ་རུ་བསྐྱོད་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། ཚན་རྩལ་ཁྱབ་གདལ་དང་མི་རིགས་མཐུན་སྒྲིལ་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། དེ་དང་མཉམ་དུ། གནས་ལྔ་གཞི་གཅིག་གི་དེང་རབས་ཚན་རྩལ་ཁང་མ་ལག་འཛུགས་སྐྲུན་བྱས་པ་དང་། ཚན་རྩལ་ཁང་དང་སློབ་གྲྭ་བར་གྱི་མཉམ་ལས་ཇེ་ཟབ་ཏུ་བཏང་ལ། སྐོར་སྐྱོད་ཚན་རྩལ་ཁང་དང་ཚན་རྩལ་ཁྱབ་གདལ་སྐོར་སྐྱོད་རླངས་འཁོར་གྱི་སྐོར་འགྲེམ་བྱ་འགུལ་སྤེལ་བས། མང་ཚོགས་མང་པོར་ཕན་བཏགས།

ན་གཞོན་ལོ་ཆུང་གི་ཚན་རྩལ་བྱ་བ་ནི་མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་བྱ་བ་གལ་ཆེན་ཁྲོད་ཀྱི་གཅིག་ཡིན་པ་དང་། ན་གཞོན་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་དང་ཉམས་ལེན་བྱ་འགུལ་ཐེངས་མང་སྤེལ་བ་བརྒྱུད་དེ། སློབ་འབྲིང་སློབ་མའི་འཇོན་མིའི་འཆར་གཞི་ལག་བསྟར་བྱས་པ་དང་། ན་གཞོན་ལོ་ཆུང་གི་ཚན་རྩལ་གསར་གཏོད་ཀྱི་རྗེས་སྣོན་འཇོན་མི་སྐྱེད་སྲིང་བྱེད་པར་སྐུལ་འདེད་བཏང་བ་མ་ཟད། རྒྱལ་ཡོངས་ཀྱི་འགྲན་བསྡུར་ཁྲོད་གྲུབ་འབྲས་བཟང་བོ་བླངས།

རིན་ཆེན་མཚོས་བསྒྱུར།