ཟླ3ཚེས30ཉིན། 2025ལོའི་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་སྲིད་ཇུས་གཅིག་བསྡུས་དྲིལ་བསྒྲགས་ཟླ་བའི་བྱ་འགུལ་ཟི་ལིང་གྲོང་ཁྱེར་ལྟེ་གནས་ཐང་ཆེན་དུ་བསྡུས། ཐེངས་འདིའི་བྱ་འགུལ་དེ“སྨན་བཅོས་འགན་སྲུང་ཐེབས་རྩའི་བདེ་འཇགས་མི་ཚང་མར་བརྟེན་དགོས”ཞེས་པ་བརྗོད་གཞི་ཡིན་ལ། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྣེ་ཁྲིད་རྩ་འཛུགས་བྱས་པ་དང་། ཟི་ལིང་གྲོང་ཁྱེར་གྱི་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྒྲུབ་འགན་འཁུར།
མགོ་རྩོམ་མཛད་སྒོའི་ཡུལ་དངོས་སུ། རིག་རྩལ་འཁྲབ་སྟོན་དང་སྲིད་ཇུས་བློ་འདྲི། སྤྱི་ཕན་སྨན་བཅོས་ཞབས་ཞུ། གྱོད་དཔེ་གློག་འགྲེལ་སོགས་ཀྱི་རྣམ་པ་བརྒྱུད་དེ། མང་ཚོགས་ལ་སྨན་བཅོས་འགན་སྲུང་སྲིད་ཇུས་ཁྲིམས་སྲོལ་ཁྱབ་གདལ་བྱེད་པ་དང་། མགོ་སྐོར་བསླུ་བྲིད་ཀྱི་བྱ་སྤྱོད་ཞུ་གཏུག་བྱེད་པའི་ཐབས་ལམ་དང་བྱ་དགའི་རྐྱེན་སྲོལ་གཙོ་གནད་དུ་བཟུང་ནས་འགྲེལ་བཤད་བྱས། ལས་བྱེད་མི་སྣས་མི་རེ་རེའི་དྲི་བར་ལན་འདེབས་པ་དང་དྲིལ་བསྒྲགས་ལག་དེབ་སྟེར་བ། ཉེན་བརྡའི་སྦྱང་བྱང་འགེལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི་ངོས་ཟིན་ཇེ་དྲག་ཏུ་བཏང་་ལ། གྲོང་ཁྱེར་གྱི་སྡོད་དམངས་སྟོང་ལྷག་བྱ་འགུལ་ཁྲོད་ཟབ་ཞུགས་བྱས།
ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡི་ཏང་ཙུའུ་ཁོངས་མི། ཅུའུ་ཀྲང་གཞོན་པ་ཀྲང་ཨེ་ཕིན་གྱིས་བཤད་རྒྱུར། སྨན་བཅོས་འགན་སྲུང་ཐེབས་རྩ་ནི་མང་ཚོགས་ཀྱི་སྲོག་སྐྱོབ་མ་དངུལ་ཡིན་ལ། སྲིད་གཞུང་དང་སྤྱི་ཚོགས། ལས་རིགས་དང་མི་སྒེར་བཅས་ཀྱི་ནུས་ཤུགས་གཅིག་ཏུ་བསྡུས་ནས། མཉམ་དུ་བདེ་འཇགས་ཀྱི་འགོག་སྲུང་བརྟན་པོ་བསྐྲུན་དགོས་ཟེར
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་དྲིལ་བསྒྲགས་ཟླ་བའི་བྱ་འགུལ་ཟླ་བཞིའི་རིང་སྤེལ་རྒྱུ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་རིམ་པ་དང་རིགས་དགར་བ་དང་། གནད་ལ་འཁེལ་བའི་དྲིལ་བསྒྲགས་བྱེད་པའི་རྩ་དོན་ལ་དམིགས་ནས། སྨན་བཅོས་འགན་སྲུང་བཅོས་སྒྱུར་དང་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་དམིགས་འབེན་དུ་བྱེད་པར་ཟུང་འབྲེལ་བྱས་ཏེ། མུ་འབྲེལ་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་ཡིན་ལ། གཅིག་ནི་གཟུགས་དང་སྒྲ། ཡི་གེ་བཅས་ཡོད་པའི་སྨྱད་བྱད་གསར་པ་བེད་སྤྱད་དེ། གོ་བདེ་བའི་སྐད་ཆའི་དམངས་ཕན་སྲིད་ཇུས་སྒྲོག་འདོན་བྱེད་དགོས། གཉིས་ནི་སྨན་རྫས་ཀྱི་ཁུངས་འདེད་རྟགས་ལ་བརྟེན་ནས་ལྟ་སྐུལ་དོ་དམ་བྱེད་པ་དང་། གནས་གཏན་འཁེལ་གྱི་ལས་ཁུངས་ཀྱིས་རང་ལ་དོ་དམ་བྱེད་པ་སོགས་ཀྱི་བྱེད་ཐབས་གསར་སྐྲུན་བྱས་ཏེ། སྨན་བཅོས་ལས་ཁུངས་དང་སྨན་བཅོས་ཁེ་ལས་སོགས་གཙོ་གནད་གཏན་འཁེལ་བྱས་ནས་དྲིལ་བསྒྲགས་བྱེད་པ། གསུམ་ནི་ཐེབས་རྩའི་ལྟ་སྐུལ་དོ་དམ་སྲིད་ཇུས་སྡེ་ཁུལ་དང་གྲོང་གསེབ། ཁེ་ལས་བཅས་སུ་བསྐྱོད་དེ། ཏང་ཨུའི་མགོ་ཁྲིད་པ་དང་སྲིད་གཞུང་གིས་ལྟ་སྐུལ་དོ་དམ་བྱེད་པ། སྤྱི་ཚོགས་ཀྱིས་ལྟ་ཞིབ་བྱེད་པ། ལས་རིགས་ཀྱིས་རང་སྡོམ་བྱེད་པ། མི་སྒེར་གྱིས་ཡིད་རྟོན་སྲུང་བ་བཅས་ཕྲེང་འབྲེལ་ཡོངས་ཀྱི་བཅོས་སྐྱོང་རྣམ་པར་སྐུལ་འདེད་བཏང་།
ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་བའི་བསྟན་དོན། ཐེངས་འདིའི་བྱ་འགུལ་བརྒྱུད་དེ་དམངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་གི་ཁྲིམས་སྐྱོང་འདུ་ཤེས་མཐོ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ་དོ་དམ་ཐབས་ལམ་ཡག་པོར་གཏོང་བ། ཡུན་ཕན་ཅན་དང་རིག་ནུས་ཅན་གྱི་ཐེབས་རྩའི་ལྟ་སྐུལ་དོ་དམ་འཛུགས་པར་རྨང་གཞི་བརྟན་པོ་བཏིང་ཡོད། མཚོ་སྔོན་གྱིས་མུ་མཐུད་དུ་སྨན་བཅོས་འགན་སྲུང་སྲིད་ཇུས་དྲིལ་བསྒྲགས་དང་ལྟ་སྐུལ་དོ་དམ་ལ་མཐུན་སྦྱོར་བྱེད་ཤུགས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་གི་ཁེ་དབང་ལ་དངོས་གནས་སྲུང་སྐྱོབ་བྱ་དགོས།
ཤ་བོ་རིན་མཚོས་བསྒྱུར།