ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སྐོར་ལྔ་པ་ཟི་ལིང་དུ་བསྡུས།
2025.03.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3ཚེས26ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས་ཀྱིས་སྒྲུབ་འགན་འཁུར་བའི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སྐོར་ལྔ་པ་ཟི་ལིང་དུ་བསྡུས།  ཞིང་ཆེན་ཡོངས་ནས་ཡོང་བའི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ85དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་བྱེད་མི་སྣ10གསོ་སྦྱོང་ལ་ཞུགས།

ཐེངས་འདིའི་གསོ་སྦྱོང་གི་དམིགས་ཡུལ་ནི《མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་སྲོལ་ཡིག》དང་།《མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པའི་ངོས་བཟུང་དང་དོ་དམ་བྱེད་ཐབས》ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པའི་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པའི་འགན་འཁྲི་བསྒྲུབ་པའི་འདུ་ཤེས་དང་ལག་ལེན་རྒྱུན་འཛིན་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པའི་དཔེ་སྟོན་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱ་རྒྱུ་དེ་རེད།

གསོ་སྦྱོང་འཛིན་གྲྭར་ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་གྲགས་ཅན་དང་། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་མཁན་གྱི་འཐུས་མི། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བའི་ཉམས་མྱོང་ཕུན་སུམ་ཚོགས་པའི་རྐང་འཛིན་མི་སྣ་བཅས་གདན་འདྲེན་བྱས་ནས། གཟུགས་འདས་ཤུལ་བཞག་རིག་གནས་དང་འབྲེལ་བ་ཡོད་པའི་ཁྲིམས་ལུགས་ཁྲིམས་སྲོལ་དང་སྲིད་ཇུས། མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་གྲུབ་འབྲས་དང་ལག་ལེན། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་མཁན་གྱི་དབང་ཆ་དང་འོས་འགན། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་མཁན་གྱི་དཔྱད་འཇོག་ཞིབ་སྲོལ་འགྲེལ་བཤད། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞི་སྲུང་སྐྱོབ་ཀྱི་གྱོད་དཔེ་དབྱེ་ཞིབ། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཟོང་རྟགས་ཇུས་འགོད་དང་ཐོན་རྫས་ཇུས་འགོད་ཞིབ་འཇུག་གསར་སྤེལ་སོགས་ཀྱི་ནང་དོན་ལ་དམིགས་ནས་སློབ་ཁྲིད་བྱ་རྒྱུ་རེད།  དེ་དང་ཆབས་ཅིག ད་དུང་སློབ་མ་རྩ་འཛུགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་རྟེན་མཛོད་ཁང་གི་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་ཁང་དང་། ཟི་ལིང་གི་གཟུགས་འདས་ཤུལ་བཞག་རིག་གནས་ཁང་། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་བཟོ་གྲྭ་དང་རྒྱུན་འཛིན་རྟེན་གཞིར་བསྐྱོད་དེ་ལྟ་སྐོར་དང་རྟོག་ཞིབ་བྱས་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལག་ལེན་གྲུབ་འབྲས་ལ་ཡུལ་དངོས་སུ་སློབ་སྦྱོང་བྱ་རྒྱུ་ཡིན་པ་མ་ཟད།  བཞུགས་མོལ་དང་བརྗེ་རེས་སོགས་ཀྱི་བྱ་ཐབས་སྤེལ་ནས་ གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞི་སྲུང་སྐྱོབ་དང་རྒྱུན་འཛིན་ཉམས་མྱོང་བརྗེ་རེས་བྱ་རྒྱུ་རེད།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭས“མི་གཅིག་ཀྱང་མི་ལུས་པའི”རྩ་དོན་གཞིར་བཟུང་ནས། མིག་སྔར་གནས་པའི་རྒྱུན་འཛིན་པའི་བཅའ་ཁྲིམས་ཀྱི་འདུ་ཤེས་མི་འདང་བ་དང་།    གསར་གཏོད་ནུས་པ་མི་འདང་བ།    དྲ་སྦྲེལ་དུས་རབས་སུ་ལག་རྩལ་གསར་པ་མི་འདང་བ།    རང་ངོས་ཀྱི་རྒྱུན་འཛིན་པའི་སྣང་བརྙན་གྱི་སྲུང་སྐྱོང་མི་འདང་བ་སོགས་ཀྱི་གནད་དོན་ཐད་ཆེད་དོན་གསོ་སྦྱོང་ཐེངས་ཤིག་སྤེལ་བ་དང་། རྒྱུན་འཛིན་པའི་ཤེས་བྱའི་ཆུ་ཚད་དང་རྒྱུན་འཛིན་ལག་ལེན་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

ཤ་བོ་རིན་མཚོས་བསྒྱུར།