ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས2026ལོར་ཞིང་ཆེན་དང་གྲོང་ཁྱེར་ཡུལ་ཚོ་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་རྩ་བའི་ཆ་ནས་མངོན་འགྱུར་འབྱུང་རྒྱུ་ཡིན་པ་བསྟན།
2025.03.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ད་ལོའི་ཟླ་དྲུག་པའི་ཟླ་མཇུག་བར། རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པ་དེ་གཙོ་གནད་དུ་བརྩིས་ནས། རྒྱལ་ཁབ་ཡོངས་ཀྱི་རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཁོར་རྒྱུག་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་རེ་འདུན་ཚང་མ་བསྒྲུབ་མཁན་ཡོད་པ་དང་ཁྲིམས་ལྟར་བསྒྲུབ་པར་ཁག་ཐེག་བྱེད་རྒྱུ་རེད། ད་ལོའི་ལོ་མཇུག་བར། གནས་ཡུལ་གསར་བ་འཛུགས་དགོས་པ་ལས་གཞན། རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ཡོངས་འགྲུབ་བྱེད་པ་དང་། ཐད་གཏོགས་གྲོང་ཁྱེར་གྱི་ཁོངས་གཏོགས་ཆུས་དང་རྫོང་གིས་རྫོང་རིམ་པའི་བླང་བྱ་ལྟར་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སང་ལོར། ཞིང་ཆེན་དང་། གྲོང་ཁྱེར། ཡུལ་ཚོ་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་མངོན་འགྱུར་འབྱུང་རྒྱུ་རེད།

དེ་ནི་གསར་འགོད་པས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཚེས29ཉིན་ནས་ཚེས30ཉིན་བར་ཧྥུའུ་ཅན་ཞཱ་མོན་ནས་བསྡུས་པའི་སྤྱི་ཚོགས་བདེ་འགོད་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པའི་ཡུལ་དངོས་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་རེད།

ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ནི་སྤྱི་ཚོགས་བདེ་འགོད་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དང་། བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་བའི་ཧྥུན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། འགལ་བ་དང་རྩོད་གཞི་གཞི་རིམ་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་བརྟེན་གཙོ་བོའང་ཡིན། རྫོང་དང་ཡུལ་ཚོའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་པ་གཙོ་བོར་འཛིན་པ་དང་། ཞིང་ཆེན་དང་གྲོང་ཁྱེར་གྱིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་གཅིག་འདོམས་མཐུན་སྦྱོར་བྱེད་པ་གཙོ་བོར་འཛིན་དགོས།

རྒྱུས་ལོན་བྱུང་བ་ལྟར་ན། རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་གཙོ་གནད་ནི། གནས་ཡུལ་བཀོད་སྒྲིག་དང་སྡེ་ཁག་ནང་འཇུག རྐྱེན་སྲོལ་འཁོར་རྒྱུག ལྟ་སྐུལ་སྤྱི་འདོམས་དོན་འཁྱོལ། ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པ་བཅས་ཕྱོགས་ལྔའི་ཚད་ལྡན་ཅན་ལ་སྐུལ་འདེད་གཏོང་བ་དེ་ཡིན་ལ། མི་དམངས་མང་ཚོགས་ཀྱི་འགལ་བ་དང་རྩོད་གཞི་ཐད་གཅོད་པར་གནས་ཡུལ་གཅིག་ལ་མ་གཏོགས་འགྲོ་མི་དགོས་པར་བྱས་ཏེ། སྤྱི་ཚོགས་ཡུན་རིང་གཏན་འཇགས་ཡོང་བར་ཁག་ཐེག་བྱས།

རྐྱེན་སྲོལ་འཁོར་རྒྱུག་ཚད་ལྡན་ཅན་གྱི་ཕྱོགས་ནས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཕྱོགས་བསྡུས་བདག་སྤྲོད་སྒེའུ་ཁུང་བརྒྱུད་དེ། ས་ཚིགས་གཅིག་ཅན་གྱིས་མང་ཚོགས་ཀྱིས་ཚུར་སྣང་བྱས་པའི་འགལ་བ་རྩོད་གཞི་སོགས་རེ་འདུན་མང་པོ་བདག་སྤྲོད་བྱེད་དགོས། ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་ནས། གྱོད་དོན་གཅིག་ལ་མཚོན་རྟགས་གཅིག་འགོད་པ་དང་། བརྒྱུད་རིམ་ཧྲིལ་བོ་ཞིབ་བཤེར་བྱེད་ཐུབ་པ་དང་རྗེས་འདེད་ཐུབ་པར་བྱེད་ལ། མི་དམངས་མང་ཚོགས་ཀྱིས་ནམ་ཡིན་ཡང་བདག་སྤྲོད་དང་ཐག་གཅོད་མྱུར་ཚད་ལ་རྒྱུས་ལོན་ཐུབ་པར་བྱེད་དགོས། 

ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ནི་སྟེགས་བུ་ཞིག་ཡིན་ལ། མང་ཚོགས་ཀྱི་ཁེ་ཕན་རེ་འདུན་ཐག་གཅོད་དགོས་ན་གཙོ་བོ་འགན་ནུས་ལས་ཁུངས་དག་ལ་བརྟེན་དགོས། ཚད་ལྡན་ཅན་གྱི་འཛུགས་སྐྲུན་བརྒྱུད་དེ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་སྟེགས་བུ་བསྐྲུན་པ་དང་། ནང་འཇུག་སྡེ་ཁག་གིས་བྱ་བ་བསྒྲུབ་པ། འགལ་བ་དང་རྩོད་གཞི་དངོས་སུ་ཐག་གཅོད་པ་བཅས་མངོན་འགྱུར་བྱེད་དགོས། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། འགལ་བ་དང་རྩོད་གཞི་རེ་རེ་འགལ་བ་དང་རྩོད་གཞི་ཐག་གཅོད་པའི་ཁྲིམས་སྐྱོང་ཅན་གྱི་ཐབས་ལམ་བརྒྱུད་དེ་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་པར་ལྟ་སྐུལ་བྱེད་པ་དང་། འགལ་བ་དང་རྩོད་གཞི་གོ་རིམ་གང་ལ་ཐོན་པ་དང་གོ་རིམ་དེ་ཐག་གཅོད་པའི་དུས་ཡུན། དོ་བདག་གིས་ཁས་ལེན་མིན། གོ་རིམ་རྗེས་མར་བརྒྱུད་སྤྲོད་བྱེད་དགོས་མིན་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོར་རྒྱུས་ལོན་བྱེད་དགོས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ནང་འཇུག་སྡེ་ཁག་གིས་ཐག་གཅོད་བྱེད་དགོས་པ་ཐག་གཅོད་བྱས་མེད་པ་དང་། བདག་སྤྲོད་བྱེད་དགོས་པར་བདག་སྤྲོད་བྱས་མེད་པ། འགན་འཁྲི་བདའ་འདེད་བྱེད་དགོས་པར་འགན་འཁྲི་བདའ་འདེད་བྱས་མེད་པ། བཀོད་སྒྲིག་བྱེད་དགོས་པ་བཀོད་སྒྲིག་བྱས་མེད་པ་སོགས་ཀྱི་གནད་དོན་དུས་ཐོག་ཏུ་ཡོ་བསྲང་བྱེད་པ་དང་ལྟ་སྐུལ་སྤྱི་འདོམས་ནན་མོ་བྱེད་དགོས། 

ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ནན་གྱིས་བསྟན་དོན། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། མང་ཚོགས་ལ་སྣེ་ལེན་བྱེད་ལ། སྟབས་བདེ་དང་ནུས་མཐོ་སྒོས་མང་ཚོགས་ལ་ཞབས་འདེགས་ཞུ་བ། ཕྱོགས་སོ་སོའི་ཐོན་ཁུངས་དག་སྒྲིག་བྱེད་པ་དང་། ཐབས་ལམ་མང་པོ་དང་བྱེད་ཐབས་མང་པོ་བརྒྱུད་དེ་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་དགོས། ཁྲིམས་སྐྱོང་འདུ་ཤེས་ལ་ཤུགས་སྣོན་པ་དང་། ཁྲིམས་སྐྱོང་ཐབས་ལམ་བེད་སྤྱད་དེ་བྱ་བ་བསྒྲུབ་ལ། ཁྲིམས་སྐྱོང་བགྲོད་ལམ་སྟེང་རྩོད་གཞི་ཐག་གཅོད་བྱེད་དགོས། 

ལྷ་མོ་འཚོས་བསྒྱུར།