ཡུས་ཧྲུའུ་ཁུལ་གྱིས་བདེ་འཇགས་འཛུགས་སྐྲུན་གྱི་རིམ་པ་སྤར་བར་སྐུལ་འདེད་བཏང་།
2025.03.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་བྱ་རྒྱུ་དམིགས་ཡུལ་དུ་བཟུང་བའི་འཕོ་འགྱུར་བྱ་བ་ཁུ་སིམ་མེར་སྤེལ་བཞིན་ཡོད། ཡུས་ཧྲུའུ་ཁུལ་ཏང་ཨུ་དང་སྲིད་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་པ་དང་། འབྲེལ་ཡོད་སྲིད་ཇུས་ཀྱི་བསམ་འཆར་ལག་བསྟར་གཏིང་ཟབ་བྱས་པ་མ་ཟད། ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱས།     ཁུལ་དང་རྫོང་། ཡུལ་ཚོ་དང་གྲོང་རྡལ་རིམ་པ་གསུམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ཐད། ཡུས་ཧྲུའུ་ཁུལ་གྱིས་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་དང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

ཡུས་ཧྲུའུ་ཁུལ་གྱི་རིམ་པ་སོ་སོའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བསྐྱོད་སྐབས། ཉིན་རེར་མང་ཚོགས་མང་པོ་ཞིག་བློ་འདྲི་བྱེད་དུ་ཡོང་བ་མཐོང་ཐུབ། གནས་དེའི་ལས་བྱེད་མི་སྣས་ལས་ཆོད་ཆེ་བ་དང་ཆེད་ལས་ཀྱི་རྣམ་འགྱུར་ཐོག་ནས་མང་ཚོགས་ཀྱི་ཁྲིམས་ལུགས་བློ་འདྲི་དང་། བཅའ་ཁྲིམས་ཀྱི་རོགས་སྐྱོར། འགལ་བ་དང་འདུམ་འགྲིག་སོགས་ཀྱི་ཞབས་ཞུའི་རྣམ་པ་འདོན་སྤྲོད་བྱེད་ཀྱིན་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། ལྟེ་གནས་འཁོར་སྐྱོད་བྱས་པའི་ཚུན་ལ། མང་ཚོགས་མི་ཐེངས3450སྣེ་ལེན་བྱས་པ་དང་།  འགལ་བ་དང་རྩོད་གཞི་སྣ་ཚོགས842ལེགས་འགྲུབ་སྒོས་ཐག་གཅོད་བྱས་པས། ཐག་གཅོད་བྱེད་ཚད96%ཟིན་ཡོད།     གྲུབ་འབྲས་དེ་དག་ནི་ཡུས་ཧྲུའུ་ཁུལ་གྱི་རིམ་པ་སོ་སོའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ལས་བྱེད་མི་སྣས་དཀའ་སྤྱད་ཀྱི་འབྲས་བུ་ཡིན་ལ།    ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་གྱི་ཕན་འབྲས་དང་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད།

ནང་ཆེན་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ནི་ཡུས་ཧྲུའུ་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་གཞི་ཁྱོན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བསྡུས་རིས་ཡིན་ལ། མི་དམངས་འདུམ་འགྲིག་བྱ་བའི་གཙོ་གནད་ཞིག་ཀྱང་རེད།   ནང་ཆེན་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས“བཅའ་ཁྲིམས་གཉིས་དང་ཆེད་མངག་གདན་ཞུའི”རྣམ་པ་དང་།  ཡུལ་སྲོལ་གོམས་གཤིས་ལ་རྒྱུས་མངའ་ཡོད་པ་དང་འདུམ་འགྲིག་ལ་མཁས་པའི་མི་དམངས་འདུམ་འགྲིག་པ་བདམས་ནས། ཆེད་ལས་ཀྱི་འདུམ་འགྲིག་དཔུང་ཁག་ཅིག་གྲུབ་ཡོད།     ཁོ་ཚོ་གཞི་རིམ་དུ་བསྐྱོད་དེ་སྔོན་ལ་འདུམ་འགྲིག་བྱས་པ་དང་འགལ་བ་ཆུང་བ་ནས་སེལ་བར་ནུས་པ་ཆེན་པོ་བཏོན། མིག་སྔའི་བར། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་འགལ་བ་དང་རྩོད་གཞི186ལྷག་འདུམ་འགྲིག་བྱས་པ་དང་། འདུམ་འགྲིག་བྱས་ཚད་93.5%ཟིན་ཡོད།

ཆུ་དམར་ལེབ་རྫོང་དབྱིག་སྐེད་ཡུལ་ཚོའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཛུགས་སྐྲུན་ལ་ཡང་ཕན་འབྲས་མངོན་གསལ་བླངས་ཡོད། ཏང་འཛུགས་སྐྲུན་དང་ཏང་ཡོན། ཆ་བསགས་དོ་དམ་ཇེ་ལེགས་སུ་གཏོང་བ་བཅས་ལ་བརྟེན་ནས།   དབྱིག་སྐེད་ཡུལ་ཚོས་འགལ་བ་དང་རྩོད་གཞིའི་འདུམ་སྒྲིག་ཏང་ཡོན་གྱི་གདོང་ལེན་ལས་གནས་བཙུགས་ཏེ་ཆེད་ལས་ཀྱི་འདུམ་སྒྲིག་དཔུང་ཁག་རྩ་འཛུགས་བྱས། ཏང་ཡོན་དང་ལས་བྱེད་པ་སྡེ་མིའི་ཁྱིམ་དུ་བསྐྱོད་དེ་རང་འགུལ་སྒོས་འགལ་བ་དང་རྩོད་གཞི་ཞིབ་བཤེར་བྱས། དེ་དང་ཆབས་ཅིག དབྱིག་སྐེད་ཡུལ་ཚོས་རང་སྐྱོང་དང་ཁྲིམས་སྐྱོང་། བྱམས་སྐྱོང་བཅས་ཟུང་འབྲེལ་བྱེད་པར་གདེང་འཇོག་བྱས་ཏེ། སྡེ་སྲོལ་དམངས་ཆིངས་གཏན་འཁེལ་བྱས་པ་དང་། རང་སྐྱོང་བྱས་ཏེ་རྨང་གཞི་བརྟན་པོ་གཏོང་བའི་སྣང་ཚུལ་བཟང་པོ་བསྐྲུན། ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོར་ཤུགས་བསྣན་ནས། མང་ཚོགས་ལ་ཁྲིམས་ལྟར་དབང་ཆ་སྤྱོད་པ་དང་རེ་ཞུ་འདོན་པ། འགལ་བ་ཐག་གཅོད་བཅས་ལ་སྣེ་ཁྲིད་བྱས་པས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་དང་སྤྱི་ཚོགས་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས།

ཡུས་ཧྲུའུ་ཁུལ་གྱི་རིམ་པ་སོ་སོའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་འཛུགས་སྐྲུན་གྱི་ལེགས་འགྲུབ་ཉམས་མྱོང་གིས་མང་ཚོགས་ལ་སྟབས་བདེ་བསྐྲུན་པ་དང་ཕན་ནུས་མཐོ་བའི་ཞབས་ཞུ་འདོན་སྤྲོད་བྱས་པ་མ་ཟད། སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་དང་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ཡོད། ད་ལྟ། རིམ་པ་སོ་སོའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དེ་མང་ཚོགས་སེམས་ཁོངས་ཀྱི་རྒྱབ་རྟེན་དུ་གྱུར་ཡོད།

ཡུས་ཧྲུའུ་ཁུལ་ཏང་ཨུ་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་གི་ཕྱོགས་བསྡུས་བཅོས་སྐྱོང་གི་རྣམ་པ་གསར་བ་སྐྲུན་པ། ཧུར་ཐག་གིས་བདེ་འཇགས་ཡུས་ཧྲུའུ་ཡི་སྣང་བརྙན་གསར་པ་བསྐྲུན་པས། མཐོ་སྒང་གི་ས་གཞི་ཆེན་མོ་སྔར་ལས་འཆམ་མཐུན་བརྟན་བརླིང་དུ་གྱུར་ཡོད།

ཤ་བོ་རིན་མཚོས་བསྒྱུར།