གཅན་ཚ་དང་དཔའ་ལུང་གིས་མངའ་ཁོངས་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་སྒྲོམ་གཞིའི་གྲོས་མཐུན་བཀོད།
2025.03.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས28ཉིན།  གཅན་ཚ་དང་དཔའ་ལུང་གི་མངའ་ཁོངས་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་མཉམ་འབྲེལ་གྲོས་ཚོགས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་བསྡུས་ཤིང་། གྲོས་ཚོགས་ལས་རྫོང་ཁག་གཉིས་ཀྱིས་མངའ་ཁོངས་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་སྒྲོམ་གཞིའི་གྲོས་མཐུན་བཀོད།

གྲོས་མཐུན་ལས་རྫོང་ཁག་གཉིས་ཀྱིས་ཏང་གི་འཛུགས་སྐྲུན་བྱ་བར་ཕན་ཚུན་སློབ་སྦྱོང་བྱས་ནས་མཉམ་དུ་འཕེལ་རྒྱས་འགྲོ་བ་དང་།  སྒྲིག་ཆས་གལ་ཆེན་ཐད་ནས་གཉིས་ཕན་གཉིས་རྒྱལ་དང་།  སྐྱེ་ཁམས་འཛུགས་སྐྲུན་ལ་ཕན་ཚུན་མིག་དཔེར་འཛིན་པ་དང་མཉམ་སྤྱོད་བྱེད་པ།  རིག་གནས་ཡུལ་སྐོར་གྱི་འབྲེལ་འདྲེས་ལ་ཕན་ཚུན་སྦྲེལ་མཐུན་འཛུགས་པ།  མི་རིགས་མཐུན་སྒྲིལ་ལ་ཕན་ཚུན་ཁེངས་སྐྱུང་ངང་མཉམ་དུ་རྒྱལ་ཁ་ལེན་པ།  ཉེན་ཁར་ཁ་གཏད་འཇལ་བར་ཕན་ཚུན་རོགས་རེས་བྱེད་པ། ཐོན་ལས་འཕེལ་རྒྱས་ལ་ཕན་ཚུན་སྐུལ་འདེད་བྱེད་པ།     དམངས་འཚོས་འགན་སྲུང་ཐད་མཉམ་དུ་ཕྱུག་འགྱུར་བརྩོན་དགོས་པ་བཅས་གསལ་བོར་བསྟན་ཡོད།

རྫོང་ཁག་གཉིས་ཀྱིས་དཔའ་ལུང་གི“མདོག་བཞིའི་ཏང་འཛུགས”དང་གཅན་ཚ་ཡི“མཐུན་སྒྲིལ་མཉམ་སྐུལ”གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ།  དུས་ངེས་ཀྱི་ཏང་འཛུགས་ལྟ་སྦྱོང་གི་བྱེད་སྒོ་སྤེལ་བ་དང་།  ཏང་གི་སློབ་གྲྭའི་བར་ཀྱི་འབྲེལ་འདྲེས་མཉམ་ལས་ཟབ་སྤེལ་བྱས་ནས།  བསམ་བློའི་རིག་གནས་ཀྱི་ཁྱབ་བསྒྲགས་ཁྱབ་ཁོངས་ལ་ཐོན་ཁུངས་མཉམ་སྤྱོད་བྱེད་པ་དང་།  ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བ།  ཕན་ཚུན་སྦྲེལ་མཐུད་ཀྱི་འགྲིམ་འགྲུལ་དྲ་བ་འཛུགས་པ།  རྫོང་གཉིས་ཀྱི་འབྲེལ་མཐུད་གཞུང་ལམ་ལ་མཉམ་གསོ་མཉམ་སྐྱོང་བྱེད་པ།  འབར་རྩ་རྨ་ཆུའི་ཟམ་ཆེན་དང་། གཅན་ཚ་དང་གུང་ཧོའི་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་ལས་གཞི་གལ་ཆེན་ལ་ཤུགས་ཆེན་པོས་སྐུལ་འདེད་བྱེད་པ།  ཁང་དབྱང་གྲོང་རྡལ་ནས་ཡར་ཁ་གྲོང་རྡལ་གྱི་གཞུང་ལམ་སོགས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཐུས་ཚང་དུ་གཏོང་བ།  རིམ་བཞིན་བྱེད་ནུས་གསབ་རེས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གྲུབ་པ།  རྨ་ཆུའི་འབབ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་དམིགས་ནས།  སྐྱེ་ཁམས་སླར་གསོའི་ལས་གཞི་ལག་བསྟར་བྱེད་པ་དང་།  དཔའ་ལུང་ཚེ་མགུར་ཁུལ་གསར་ནས་གཅན་ཚའི་ལམ་རྒྱུད་ཀྱི་མཛེས་བསྒྱུར་ལས་གཞི་སྤེལ་ཏེ།  སྐྱེ་ཁམས་ཁོར་ཡུག་གི་རྒྱུན་མཐུད་ལེགས་སྒྱུར་མངོན་འགྱུར་བྱེད་པ། ལྗོངས་རྒྱུའི་ཁྱབ་བསྒྲགས་ཐོན་ཁུངས་སྡེབ་སྒྲིག་བྱས་ཏེ།  གཅན་ཚ་ནས་དཔའ་ལུང་གི་སྤུས་ལེགས་ལྗོངས་རྒྱུའི་ལམ་ཐིག་གསར་སྤེལ་བྱེད་པ།  སྣ་མང་ཕུན་སུམ་ཚོགས་པའི་ལྗོངས་རྒྱུ་དང་ལས་རྩལ་བྱེད་སྒོ་སྤེལ་བ།  ཤུགས་ཆེན་པོས་རྨ་ཆུའི་རིག་གནས་ཡུལ་སྐོར་གྱི་ཚོང་རྟགས་སྐྲུན་པ།  སློབ་གསོའི་རྟེན་གཞི་མཉམ་སྤྱོད་བྱས་ཏེ།  དུས་བཅད་ཀྱི་མདའ་འཕེན་འགྲན་བསྡུར་དང་དམངས་གླུའི་དགོང་ཚོགས་སོགས་རིག་གནས་མཐུན་འབྲེལ་བྱེད་སྒོ་སྤེལ་བ།  མངའ་ཁོངས་ཀྱི་མཉམ་སྒྲུབ་རྐྱེན་སྲོལ་གསར་འཛུགས་བྱེད་པ།  འཕྲལ་རྐྱེན་སེལ་བའི་སྟོབས་ཤུགས་གཅིག་བསྡུས་བྱེད་པ།  འབྲེལ་མཚམས་ས་ཁུལ་གྱི་བདེ་སྲུང་ལ་མཉམ་དུ་དོ་དམ་བྱེད་པ།  མཉམ་འབྲེལ་སྒོས་འགལ་རྩོད་འདུམ་འགྲིག་དང་།  རིགས་མི་འདྲ་བའི་ཉེན་ཁ་ལ་འགོག་སྲུང་བྱེད་པ།  ཤུགས་ཆེན་པོས་དེང་རབས་ཅན་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་བ། དཔའ་ལུང་གི་ཆུ་མོག་དང་སྣང་རའི་སྦྲང་རྩི་སོགས་ཁྱད་ལྡན་ཐོན་ལས་ཀྱི་ཐོན་སྐྱེད་དང་ཕྱིར་འཚོང་གི་སྦྲེལ་མཐུད་ལ་བརྟེན་ནས།  ཞིང་ཕྱུགས་ཐོན་རྫས་ཀྱི་ཞིབ་ཚགས་ལས་སྣོན་ལ་སྐུལ་འདེད་བཏང་སྟེ།  ཞིང་ལས་དང་ལུས་རྩལ་རིག་གནས་ཡུལ་སྐོར།  ཚོང་ལས་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་རྣམ་གསར་བ་གསར་སྤེལ་བྱེད་པ། སྤུས་ལེགས་སློབ་ཁྲིད་ཐོན་ཁུངས་མཉམ་སྤྱོད་བྱེད་པ་དང་།  འཕྲོད་བསྟེན་སྨན་བཅོས་ཀྱི་མཉམ་ལས་ཟབ་སྤེལ་བྱས་ཏེ།  ལས་ཞུགས་དོ་དམ་ཞབས་ཞུར་ཤུགས་སྣོན་པ་དང་།  སློབ་གསོ་དང་སྨན་བཅོས།  ལས་ཞུགས་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་མཉམ་སྐྲུན་མཉམ་སྤྱོད་མངོན་འགྱུར་བྱེད་དགོས།

གྲོས་མཐུན་བཀོད་པ་དེས་མངའ་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་།  རྫོང་ཁག་གཉིས་ཀྱི་ལེགས་ཆ་གསབ་རེས་ལ་དོན་སྙིང་གལ་ཆེན་ལྡན་པར་མ་ཟད།  ས་གནས་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་ཡོད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།