ཁྲི་འདུ་ཡིས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཚོང་འགུག་དངུལ་འདྲེན་གྱི་མཚམས་སྦྱོར་བྱེད་སྒོ་སྤེལ།
2025.03.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས24ནས27ཉིན་བར།  ཡུའུ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གིས་རྩ་འཛུགས་བྱས་ཏེ།  རིག་གནས་ཡུལ་སྐོར་ཚོང་འགུག་དངུལ་འདྲེན་གྱི་མཚམས་སྦྱོར་བྱེད་སྒོ་སྤེལ་བ་དང་། ཀན་སུའུ་རིག་གནས་ཡུལ་སྐོར་ཐོན་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི་གདན་འདྲེན་བྱས་ནས།  ཟི་ལིང་རིག་གནས་ཡུལ་སྐོར་འཕེལ་རྒྱས་དངུལ་གཏོང་ཚད་ཡོད་ཀུང་ཟི་སོགས་ཀན་སུའུ་དང་། སི་ཁྲོན།  བོད་ལྗོངས། དེ་མིན་ཞིང་ཆེན་ནང་ཁུལ་གྱི་རིག་གནས་ཡུལ་སྐོར་ཁེ་ལས24ཞུགས།

ཐེངས་འདིའི་བྱ་འགུལ་ནི་ཡུལ་དངོས་ལྟ་ཞིབ་དང་གྲོས་མོལ་སྤེལ་རེས་ཀྱི་རྣམ་པ་བརྒྱུད་དེ།  ཁེ་ལས་ཕྱོགས་སོ་སོར་ཁྲི་འདུ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཚོང་འགུག་དངུལ་འདྲེན་རྣམ་གྲངས་ངོ་སྤྲོད་བྱེད་པ་དང་། མཉམ་ལས་ཀྱི་གོ་སྐབས་འཚོལ་ཞིབ་བྱེད་པ།  དངུལ་གཏོང་ནང་དོན་གཏིང་ཟབ་ཏུ་གཏོང་བ།  མཉམ་ལས་ཀྱི་ཐབས་ལམ་རྒྱ་བསྐྱེད་བཅས་བྱས། བྱེད་སྒོ་སྤེལ་བའི་རིང་།  ཁེ་ལས་སྡེ་ཁག་གི་འཐུས་མི་སོ་སོར་འབྲི་ཆུའི་བཞུར་རྒྱུན་ཀྱི་ལྟེ་བའི་རིག་གནས་ཡུལ་སྐོར་ས་ཆར་བསྐྱོད་དེ། ལབ་མདའ་གནའ་བོའི་ཐོག་ཁང་སོགས་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་ཚོ་དང་།  ལབ་དམངས་སྲོལ་གྲོང་ཚོའི་རྒྱལ་ཁབ4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ། ལོ3000ཡི་ལོ་རྒྱུས་ལྡན་པའི་ལབ་སྣང་ཡུལ་གནའ་བོའི་བྲག་བརྐོས་རི་མོ་བཅས་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས་ཏེ།  གནའ་བོའི་བྲག་བརྐོས་རི་མོ་དང་། གནའ་བོའི་བང་སོ། གནའ་བོའི་གྲོང་ཚོ། གནའ་བོའི་རྒྱུ་ལམ་བཅས་གནའ་བོའི་རིག་གནས་བཞིའི་རྨང་གཞི་ཤེས་རྟོགས་གང་ལེགས་བྱས་པ་དང་།  ཨོ་ཡོ་མདའ་གྲོང་ཚོའི་ཆུ་གཏོར་དུས་ཆེན་དང་སྒྲོལ་མའི་ཆུ་གྲོང་ཚོའི་རྩམ་པའི་དུས་ཆེན་སོགས་ཁྱད་ཆོས་ལྡན་པའི་དམངས་སྲོལ་དུས་ཆེན་དངོས་སུ་མྱོང་རོལ་བྱས་ལ།  དེ་དང་ཆབས་ཅིག་འབྲི་ཆུའི་བཞུར་རྒྱུད་དེད་ནས་ཁེ་ལས་ཁག་གི་འཐུས་མིས་རྐང་ཐང་དུ་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཉམས་གསོ་གྲུབ་འབྲས་ལ་རྟོག་ཞིབ་བྱས་ཏེ།  མཐོ་སྒང་གི་རྐང་ཐང་ཡུལ་སྐོར་སྐོར་ལམ་འཆར་འགོད་ལ་ཡུལ་དངོས་ཤེས་རྟོགས་བྱས་པ་དང་།  སྐྱེ་ཁམས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་གང་ལེགས་བྱས།  ཁྲི་འདུ་རྫོང་མི་དམངས་སྲིད་གཞུང་གིས་རིམ་བཞིན་ཀན་སུའུ་རིག་གནས་ཡུལ་སྐོར་ཐོན་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི།  ཟི་ལིང་རིག་གནས་ཡུལ་སྐོར་འཕེལ་རྒྱས་དངུལ་གཏོང་ཚད་ཡོད་ཀུང་ཟི་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་འདོད་བློའི་མཉམ་ལས་གྲོས་མཐུན་བཀོད་པ་དང་། ཁྲི་འདུ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་བརྙན་འཕྲིན་ཅུའུ་ཀྱིས་སེལ་ཤུལ་རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་ཡུས་ཧྲུའུ་གྲོང་ཁྱེར་གོ་ཏི་ཁ་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཚད་ཡོད་འགན་འཁྲི་ཀུང་ཟི་བཅས་ཀྱི་བར་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་འདོད་བློའི་མཉམ་ལས་གྲོས་མཐུན་བཀོད།

ཏིང་འཛིན་མཚོ་མོས་བསྒྱུར།