ཟླ3པའི་ཚེས28ཉིན། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་ཡན་ལག་རུ་ཁག་ག་གེ་མོས་ཟི་ལིང་གྲོང་ཁྱེར་རིག་གནས་ཁང་དང་མཉམ་འབྲེལ་བྱས་ཏེ་རིག་གནས་དམག་སྒར་དུ་བསྐྱོད་པའི་སྒྱུ་རྩལ་གསོ་སྦྱོང་འཛིན་གྲྭའི་མགོ་རྩོམ་མཛད་སྒོ་བསྡུས་པ་དང་། དུས་ཡུན་ཟླ་གསུམ་རིང་གི་མི་དམངས་དམག་མིའི་རིག་གནས་མཉམ་སྐྲུན་བྱ་འགུལ་དངོས་སུ་མགོ་བརྩམས་པ་མཚོན་ལ། སྒྱུ་རྩལ་དང་དམག་དཔུང་སྟོབས་ལྡན་མཉམ་འབྲེལ་གྱི་རྣམ་པ་བརྒྱུད་དེ། སྲོལ་རྒྱུན་སྒྱུ་རྩལ་དང་དམག་དཔུང་རིག་གནས་མཉམ་འདྲེས་བྱས་ནས། དམག་དཔུང་གི་རིག་གནས་མཉེན་སྟོབས་ཇེ་ཆེར་གཏོང་དགོས།
ཐེངས་འདིའི་བྱ་འགུལ་ལས་རིག་གནས་ཀྱིས་དམག་མིའི་སེམས་གསོ་བར་བྱེད་པ་དེ་དགོངས་པར་བརྩིས་ནས། ནང་འདྲེན་བྱེད་པའི་ཐབས་ལམ་བརྒྱུད་དེ་དམག་སྒར་ལ་རིག་གནས་ཀྱི་གསོན་ཤུགས་སྩོལ་བ་དང་། དཔོན་དམག་གི་སྤྱོད་ཚུལ་ལེགས་བཅོས་བྱེད་པ་དང་འཐབ་རྩོད་སྙིང་སྟོབས་སྦྱོང་བརྡར་བྱས་ཏེ། དུས་རབས་གསར་བའི་དམག་མིའི་ཕྱོགས་བསྡུས་བྱང་ཚད་སྦྱོང་བརྡར་བྱེད་པར་རིག་གནས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་ལ། ཁྱད་ལྡན་སྟོབས་ལྡན་དམག་དཔུང་གི་རིག་གནས་ཚོང་རྟགས་བསྐྲུན་ཞིང་། ཟི་ལིང་གྲོང་ཁྱེར་རིག་གནས་ཁང་གིས་ཆེད་ལས་དགེ་རྒན་གྱི་ཚོགས་པ་འདེམས་ནས་དམག་སྒར་ལ་བསྐྱོད་པ་དང་། དམག་དཔུང་གི་རོལ་ཆ་སོགས་ཁྱད་ལྡན་བསླབ་ཚན་བཀོད་སྒྲིག་བྱས།
ཡུལ་དངོས་སློབ་ཁྲིད་བྱེད་སྐབས། དགེ་རྒན་གྱི་ཚོགས་ཁག་གིས་དམག་སྒར་གྱི་ཁྱད་ཆོས་ལྟར་བསླབ་ཚན་བཀོད་སྒྲིག་བྱས་པ་དང་། དཔོན་དམག་རྣམས་མཉམ་འགུལ་བྱ་འགུལ་ལ་ཞུགས། མགོ་རྩོམ་མཛད་སྒོའི་སྟེང་། སློབ་ཁྲིད་བྱེད་མཁན་རྣམས་ལ་གདན་ཞུའི་ཡི་གེ་བྱིན།
ལྷ་མོ་འཚོས་བསྒྱུར།