ཡུས་ཧྲུའུ་གྲོང་ཁྱེར་གྱིས་དཔྱིད་འདེབས་གྲ་སྒྲིག་བྱ་བ་ཡོངས་སུ་བསྒྲུབ་མགོ་བརྩམས།
2025.04.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས31ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་འབྲོང་མདའ་ཡུལ་ཚོའི་འཐག་མདའ་སྡེ་བའི་ཞིང་བ་རྣམས་ཀྱིས་ཞིང་ལས་འཕྲུལ་ཆས་ཞིག་གསོ་ཞིབ་བཤེར་དང་། ཞིང་ལས་རྒྱུ་ཆ་འདང་ངེས་གྲ་སྒྲིག ས་ཞིང་རྨོ་བ་བཅས་བྱེད་མགོ་བརྩམས་པ་དང་། དཔྱིད་འདེབས་གྲ་སྒྲིག་གི་ལས་ཀ་གཉེར་ནས་ད་ལོའི་ཞིང་ལས་ཐོན་སྐྱེད་ཀྱི་བྱ་བ་ཐོག་མ་ཡག་པོར་བསྒྲུབ་པར་སྟ་གོན་བྱས་ཡོད།

དྲོད་ཚད་ཇེ་མཐོར་ཕྱིན་པ་དང་བསྟུན་ནས། ཡུས་ཧྲུའུ་གྲོང་ཁྱེར་གྱིས་སྔ་ས་ནས་འཆར་འགོད་དང་སྔ་ས་ནས་འགུལ་སྐྱོད་བྱས་པ་དང་།  སྲིད་ཇུས་ཀྱི་ཞིང་ཕན་དང་ཞིང་རྒྱུ་འགན་སྲུང་། ལག་རྩལ་ཁྱབ་གདལ། གནོད་འགོག་གནོད་སེལ་སོགས་ཀྱི་འགག་རྩའི་ལས་རིམ་ལ་དམིགས་ཏེ། ཕྱོགས་ཡོངས་ནས་དཔྱིད་འདེམས་ཐོན་སྐྱེད་ཀྱི་ཚ་རླབས་འཕྱུར་བ་དང་། ལོ་ཧྲིལ་བོའི་ཞིང་ལས་ཐོན་སྐྱེད་ལ་རྨང་གཞི་བརྟན་པོ་བཏིངས།

གྲོང་ཁྱེར་ཡོངས་སུ་རྨོ་ཞིང་རྒྱ་ཁྱོན་སྤྱི་ཆིང་སྟོང་གཅིག་དང་བརྒྱ་འདེབས་འཛུགས་བྱེད་རྒྱུ་གཏན་འཁེལ་བྱས་པ་དང་། ལོ་ཏོག་རྒྱ་ཁྱོན་སྤྱི་ཆིང་སྟོང་གསུམ་དང་སུམ་བརྒྱ་དྲུག་ཅུ་འདེབས་རྒྱུའི་འཆར་གཞི་ཡོད་ལ། འདེབས་འཛུགས་སྟོན་གྲངས་བརྒྱ་ཆའི་གྱ་གཅིག་དང་གྲངས་ཆུང་བཞི་གཉིས་ལ་སླེབས་པའི་འཆར་གཞི་ཡོད། དེའི་ཁྲོད། འབྲུ་རིགས་རྒྱ་ཁྱོན་སྤྱི་ཆིང་སྟོང་གཉིས་དང་ཉིས་བརྒྱ་འདེབས་འཛུགས་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་། དཔལ་འབྱོར་གྱི་ཁེ་སྤོགས་བཟང་བའི་ལོ་ཏོག་སྤྱི་ཆིང་ཉིས་བརྒྱ་འདེབས་འཛུགས་བྱེད་པའི་འཆར་གཞི་ཡོད་ལ། དཔལ་འབྱོར་གྱི་ཁེ་སྤོགས་བཟང་པའི་ལོ་ཏོག་འདེབས་འཛུགས་རྒྱ་ཁྱོན་ལོ་སྔོན་མ་དང་བསྡུར་ན་བརྒྱ་གཉིས་དང་གྲངས་ཆུང་ཐིག་གཉིས་ལས་འཕར་བར་བྱེད་རྒྱུ་རེད། ཡུས་ཧྲུའུ་གྲོང་ཁྱེར་གྱི2025ལོའི་ཞིང་བཀོལ་དངོས་རྒྱུ་ཁ་གསབ་དགོས་མཁོའི་བརྡ་ཐོ་སྔོན་ལ་བཀྲམ་ནས། ཞིང་བཀོལ་དངོས་རྒྱུའི་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་པ་དང་། དཔྱིད་དུས་ཀྱི་ཞིང་བཀོལ་དངོས་རྒྱུ་རྫུན་མ་འགོག་པའི་ཆེད་དོན་འགུལ་སྐྱོད་སྤེལ་ཞིང་། ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚབས་ཆེན་བཏང་། དེ་དང་མཉམ་དུ། ཞིང་ལས་ལག་རྩལ་མི་སྣ་རྩ་འཛུགས་བྱས་ཏེ་ཞིང་ཁར་བསྐྱོད་པ་དང་། རིགས་སྣ་གདམ་གསེས་བྱེད་པ་དང་འདེབས་འཛུགས་ལག་རྩལ། ས་ཞིང་དོ་དམ། གནོད་འབུ་འགོག་བཅོས་སོགས་ཀྱི་འགག་རྩའི་ལས་རིམ་ལ་དམིགས་ཏེ། ཞིང་བར་ལག་རྩལ་མཛུབ་སྟོན་གྱི་ཞབས་ཞུ་འདོན་སྤྲོད་བྱས། ཞིང་ལས་ལག་རྩལ་གསར་བ་ཁྱབ་གདལ་བཏང་བ་དང་། ནས་དང་ཞོག་ཁོག སྔོ་ཚལ་འདེབས་འཛུགས་བཅས་ལ་དམིགས་ནས། སྐྱེ་ལྡན་ལུད་རྫས་ཀྱིས་རྫས་འགྱུར་ལུད་རྫས་ཀྱི་ཚབ་བྱེད་པའི་ལག་རྩལ་དང་གནོད་འབུ་སྔོན་འགོག་ཚོད་འཛིན་རྣམ་པ་སྤྱི་ཆིང་སྟོང་གཉིས་དང་སུམ་བརྒྱ་ཁྱབ་གདལ་བཏང་བ་དང་། ཞིང་ལས་ཡོང་འབབ་འཕར་སྣོན་དང་ཞིང་བའི་ཡོང་འབབ་འཕར་བར་ནུས་ལྡན་སྒོས་སྐུལ་འདེད་བཏང་། 


ལྷ་མོ་འཚོས་བསྒྱུར།