ཟླ4བའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་དྲ་རྒྱའི་ཆ་འཕྲིན་དང་ཚན་རིག་ཁྱབ་གདལ་ཞབས་ཞུའི་ལྟེ་གནས་ཀྱིས་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཧྭ་ལིན་ཡུལ་ཚོ་ཨ་ཅ་ཀོའུ་སྡེ་བ་རུ་གྲོ་དང་སྲན་མའི་ས་བོན་གསར་པའི་དཔེ་སྟོན་ཁྱབ་གདལ་ལས་གཞིའི་གན་རྒྱ་འཇོག་པའི་མཛད་སྒོ་བསྡུས། དེས2025ལོའི་ས་བོན་རིགས་གསར་པ་དང་ལག་རྩལ་གསར་པའི་དཔེ་སྟོན་ཁྱབ་གདལ་བྱ་བ་ཞིང་ཆེན་ཡོངས་ནས་གཅིག་རྗེས་གཉིས་མཐུད་ངང་མགོ་བརྩམས་པ་མཚོན།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཚན་རྩལ་མཐུན་ཚོགས་དྲ་འཕྲིན་ལྟེ་གནས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་འདེབས་འཛུགས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས། བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་ས་བོན་རིགས་གསར་པའི་དཔེ་སྟོན་ཁྱབ་སྤེལ་ས་ཁུལ3གཏན་འཁེལ་བྱས་ཏེ། དཔེ་སྟོན་ས་ཁུལ་དུ་ས་བོན་རིགས་གསར་པ་དང་ལག་རྩལ་གསར་པའི་དཔེ་སྟོན་ཁྱབ་སྤེལ་བྱ་བ་སྤེལ་ནས། ཞིང་པས་ཚན་རིག་དང་མཐུན་པའི་སྒོ་ནས་ས་བོན་འདེམས་པ་དང་ཐབས་ཤེས་བཟང་པོ་བེད་སྤྱོད་བྱས་ཏེ། ཚན་རིག་དང་མཐུན་པའི་འདེབས་འཛུགས་ཆུ་ཚད་མཐོ་རུ་གཏོང་བ་དང་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ཐོན་ལས་འཕེལ་རྒྱས་མངོན་འགྱུར་བཅས་བྱས་ཏེ། རོང་འབྲོག་པའི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བར་རོགས་རམ་བྱས་ཡོད། དེ་དང་མཉམ་དུ་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པ་གདན་ཞུ་བྱས་ཏེ་དཔེ་སྟོན་ཡུལ་དངོས་སུ་ཆེད་མཁས་པའི་སློབ་ཁྲིད་དང་བརྗེ་རེས་རྣམ་པའི་ལག་རྩལ་གསོ་སྦྱོང་བྱས་པ་དང་། གསོ་སྦྱོང་རྒྱུ་ཆ་དང་དྲིལ་བསྒྲགས་རྒྱུ་ཆ་འགྲེམས་སྤེལ་བྱས་ཏེ་ཞིང་པའི་ལག་རྩལ་གྱི་དོགས་གནད་ལ་དྲིས་ལན་འདེབས་པ། རིགས་པའི་གཞུང་ལུགས་སློབ་ཁྲིད་དང་ཡུལ་དངོས་སུ་མཛུབ་ཁྲིད་ཟུང་འབྲེལ་བྱེད་པའི་བྱེད་ཐབས་བརྒྱུད་ནས་མང་ཚོགས་ཀྱི་ཚན་རྩལ་རིག་གནས་བྱང་ཚད་མཐོ་རུ་བཏང་། དེ་ལས་གཞན་ཞིང་པ་རྣམས་ཀྱི་ཁྲོད་དུ་ཚན་རྩལ་ཤེས་ལྡན་མི་སྣ་ཁག་ཅིག་གསོ་སྐྱོང་བྱས་ཏེ་ཞིང་པས་ས་བོན་གསར་པ་སྤྱོད་པའི་ལག་རྩལ་གནད་དོན་ཐག་གཅོད་བྱས་ཏེ། ས་བོན་གསར་པ་ནང་འདྲེན་དང་འདེབས་གསོ་ཐུབ་པ། ཕན་འབྲས་ཐོན་པ་བཅས་ལ་འགན་ལེན་བྱས། ལས་གཞིའི་འཕེལ་རིམ་བསྟུན་ནས་དྲ་ཐོག་དང་དྲ་ཕྱི་བརྒྱུད་ནས་ཚན་རྩལ་བློ་འདྲི་བྱས་པ་དང་། ལྷག་པར་དུ་ཞིང་ལས་བྱེད་པའི་དུས་ཚིགས་གཙོ་བོར་ཞིང་ལས་ལག་རྩལ་མི་སྣ་དུས་ཐོག་ཏུ་རྩ་འཛུགས་བྱས་ནས་ཞིང་ཁར་སོང་སྟེ། ཡུལ་དངོས་སུ་ལག་རྩལ་མཛུབ་སྟོན་བྱས་བྱས་ནས། ཞིང་པས་ལག་རྩལ་བཀོལ་སྤྱོད་ཀྱི་གནད་འགག་ཁོང་དུ་ཆུད་པར་རོགས་རམ་བྱས་ནས། ཐོན་སྐྱེད་ཀྱི་དོན་དངོས་གནད་དོན་ཐག་གཅོད་ནན་མོ་བྱས།
ལས་གཞི་ལག་བསྟར་བྱས་པ་བརྒྱུད་ནས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ལོ་ཏོག་སྣ་ཁ་གཙོ་བོའི་ས་ཁོངས་བཀོད་སྒྲིག་སྔར་ལས་ཇེ་ལེགས་སུ་བཏང་པ་དང་། ཞིང་ལས་ཚན་རིག་ལག་རྩལ་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་པ། རྒྱ་ཆེའི་ཞིང་པ་རྣམས་ལ་ས་བོན་སྤུས་ལེགས་དང་ཐོན་འབབ་འཕར་སྣོན་གྱི་ལག་རྩལ་འདེམས་པར་ཁྲིད་སྟོན་བྱས་ཏེ། ཞིང་པའི་བྱང་ཚད་མཐོར་འདེགས་བྱེད་པ་དང་ཞིང་ལས་ལོ་ཏོག་གི་ཐོན་འབབ་འཕར་སྣོན་འབྱུང་བ། ཞིང་པའི་ཡོང་སྒོ་འཕར་སྣོན་འབྱུང་བ་སོགས་ལ་སྐུལ་འདེད་བཏང་།
གཡང་འབུམ་རྒྱལ་གྱིས་བསྒྱུར།