མཚོ་སྔོན་མེ་གསོད་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་དུར་མཆོད་དུས་ཆེན་གྱི་མེ་ཟོན་བདེ་འཇགས་དྲ་བ་བརྟན་པོར་བཏིང་།
2025.04.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

དུར་མཆོད་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར། དུར་མཆོད་བྱེད་པ་སོགས་ཀྱི་བྱ་འགུལ་ཇེ་མང་དུ་སོང་བ་དང་བསྟུན་ནས། མེ་སྐྱོན་འབྱུང་བའི་ཉེན་ཁ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། མཚོ་སྔོན་གྱི་ས་གནས་སོ་སོའི་མེ་ཟོན་སྡེ་ཁག་གིས་སྔོན་ལ་བཀོད་སྒྲིག་བྱས་ཏེ། ཉེན་ཁ་ཞིབ་བཤེར་དང་བཀོད་སྒྲིག་ལག་བསྟར། དྲིལ་བསྒྲགས་སྣེ་ཁྲིད་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཕྱོགས་ཡོངས་ནས་མེ་སྐྱོན་སྔོན་འགོག་ཚོད་འཛིན་བྱ་བར་ཤུགས་སྣོན་པ་དང་། དུས་ཆེན་སྐབས་ཀྱི་མེ་ཟོན་བདེ་འཇགས་གནས་བབ་བརྟན་པོ་ཡོང་བར་ཁག་ཐེག་བྱས།

དུར་མཆོད་དུས་ཆེན་སྐབས་སུ་གྲོང་ཁྱེར་ཉེ་འཁོར་དང་ནགས་ཚལ་སོགས་ཀྱི་མངའ་ཁོངས་ཀྱི་མེ་སྐྱོན་ཉེན་ཁ་ཅུང་ཆེ་བར་ཁ་གཏད་ནས། ཞིང་ཆེན་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་གཙོ་གནད་ཁྱབ་ཁོངས་ལ་ཞིབ་བཤེར་བྱེད་པ་དང་། ཕྱོགས་ཡོངས་ནས་མེ་ཟོན་ཆུ་ཁུངས་བཀོད་སྒྲིག་དང་འཕྲལ་སྒྲུབ་ཐག་གཅོད་སྔོན་དཔག་གཏན་འབེབ་བྱེད་པ་སོགས་ཁོང་དུ་ཆུད་པར་བྱས། མེ་ཟོན་སྡེ་ཁག་གིས་འབྲེལ་ཡོད་ལས་ཁུངས་ལ་མཉམ་འབྲེལ་བྱས་ནས་ཆེད་སྤྱོད་ཞིབ་བཤེར་བྱས་ཏེ། དུར་ས་དང་ཚོང་ར་སོགས་ཀྱི་མེ་ཟོན་སྒྲིག་ཆས་དང་ཁ་འགྲེམ་བགྲོད་ལམ་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱས་པ་མ་ཟད། མེ་གསོད་ཆུ་སྒོ་དང་དུ་ཚོར་ཉེན་བརྡ་བསྒྲགས་ཆས་སོགས་ཀྱི་སྒྲིག་ཆས་ཚོད་ལྟ་བྱས་ནས། མེ་བཀོལ་བ་སོགས་ཀྱི་བྱ་སྤྱོད་གཏན་འགོག་བྱས། དེ་དང་ཆབས་ཅིག དྲིལ་བསྒྲགས་ཞབས་ཞུའི་རུ་ཁག་དང་དང་བླངས་པ་སྡེ་ཁུལ་དུ་བསྐྱོད་པ། ཡུལ་ཚོ་དང་གྲོང་རྡལ་བཅས་རྩ་འཛུགས་བྱས་ནས། འཆད་འཁྲིད་དང་སྦྱོང་བརྡར། རྒྱུ་ཆ་སྟེར་བ་སོགས་ཀྱི་རྣམ་པ་བརྒྱུད་དེ་མེ་ཟོན་ཤེས་བྱ་ཁྱབ་གདལ་དུ་བཏང་བ་དང་། དཔལ་ཡོན་ལྡན་པའི་དུར་མཆོད་བྱེད་པར་སྐུལ་སྤེལ་བྱས།

མེ་གསོད་སྡེ་ཁག་གིས་གྲོང་མིས་མཆོད་འབུལ་གཏན་འབེབས་ལ་བརྩི་སྲུང་བྱས་ཏེ་གཏན་འཁེལ་བྱས་པའི་ས་གནས་སུ་ཤོག་བུ་སྲེག་པ་དང་།    མེ་སོན་ནགས་ཁུལ་དུ་གཏན་ནས་འཁྱེར་མི་ཆོག་ལ། མེ་ཟོན་བགྲོད་ལམ་སྒེར་གཅོད་མི་བྱེད་པར། དུར་མཆོད་དུས་ཆེན་སྐབས་ཀྱི་མེ་ཟོན་བདེ་འཇགས་མཉམ་དུ་སྲུང་སྐྱོང་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།

ཤ་བོ་རིན་མཚོས་བསྒྱུར།