ཟླ4བའི་ཚེས3ཉིན། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཉེ་སྔོན2025ལོའི་མཚོ་ནུབ་ཁུལ་གྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞིའི་གཏན་འཁེལ་ལེགས་སྒྲིག་བྱ་བའི་སྐོར་གྱི་ལག་བསྟར་ཇུས་གཞི་པར་འགྲེམས་བྱས་ནས། མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་གཏན་འཁེལ་བྱེད་ཐབས་དང་བསྡུར་ཚད་ཚད་བསྒྱུར་ནས་བརྒྱུད་རིམ་གཏན་ཁེལ་དང་སྲིད་ཇུས་སྦྲེལ་མཐུད་བཅས་ཀྱི་ཐད་ནས་གཏན་ཁེལ་ཞིབ་མོ་དང་ནན་མོ་བྱས། ལེགས་སྒྲིག་བྱས་རྗེས་མཚོ་ནུབ་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་ཟླ་རེར་སྒོར203ཇེ་མཐོར་བཏང་སྟེ། མི་རེར་ཟླ་རེར་སྒོར906ཡོད་པ་དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ཟླ་རེར་སྒོར122མཐོ་རུ་བཏང་ནས་མི་རེར་ཟླ་རེར་སྒོར595སྟེར་ཐུབ།
རྒྱུས་ལོན་བྱུང་བ་ལྟར་ན། ཧ་ཅང་དཀའ་ངལ་ཆེ་བའི་མི་སྣའི་གཞི་རྩའི་འཚོ་བའི་ཚད་གཞི་ཡང་ལོ་དེའི་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞིའི་ལྡབ་གཅིག་དང་གྲངས་ཆུང་བདུན་གྱིས་ཚད་གཞི་ལྟར་དུས་མཉམ་དུ་ཇེ་མཐོར་གཏོང་བའི་ འབྲེལ་ཡོད་གཏན་ཁེལ་ལྟར། དཀའ་ངལ་ཧ་ཅང་ཆེ་བའི་གཉོར་སྐྱོང་མི་སྣའི་གཞི་རྩའི་འཚོ་བའི་ཚད་གཞི་ཟླ་རེར་སྒོར345མཐོ་རུ་བཏང་ནས་མི་རེར་ཟླ་རེར་སྒོར1540སྟེར་བ་དང་། དྭ་ཕྲུག་དང་ཨེ་ཙི་འགོས་ནད་ཀྱི་ནད་དུག་འགོས་པའི་བྱིས་པ། དོན་དངོས་ཐོག་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ་བཅས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་ཚད་གཞི་དང་ཧ་ཅང་་དཀའ་ངལ་ཆེ་བའི་མི་སྣའི་གཉོར་སྐྱོང་ཚད་གཞི་དུས་མཉམ་དུ་འདྲ་མཚུངས་སྒོས་འཕར་སྣོན་བྱུང་ཡོད། དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་ཚད་གཞི་ཟླ་རེར་སྒོར345ཇེ་མཐོར་བཏང་ཡོད་ལ། དེའི་ནང་གཅིག་སྡུས་གསོ་སྐྱོང་བྱེད་པའི་དྭ་ཕྲུག་གི་འགན་སྲུང་ཚད་གཞི་མི་རེར་ཟླ་རེར་སྒོར1795ལ་སླེབས་པ་དང་། སྤྱི་ཚོགས་སྟེང་གི་ཁ་ཐོར་དུ་གནས་པའི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་ཚད་གཞི་མི་རེར་ཟླ་རེར་སྒོར1395སླེབས་ཡོད།
འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་མི་སྣས། ཐེངས་འདིའི་ཚད་གཞི་མཐོར་འདེགས་བྱ་བས་གཏན་ཁེལ་བྱས་པའི་བརྒྱུད་རིམ་ལྟར། ཆ་རྐྱེན་དང་མཐུན་པའི་དཀའ་ཁག་ཡོད་པའི་མང་ཚོགས་ཚང་མ་དུས་ཐོག་ཏུ་འགན་སྲུང་ཁྱབ་ཁོངས་ནང་འཇུག་ཐུབ་པའི་འགན་སྲུང་བྱེད་པ་དང་། འགན་སྲུང་བྱེད་འོས་པ་ཚང་མར་འགན་སྲུང་བྱས་ཏེ། སྲིད་ཇུས་ཀྱིས་ཁྱེར་ཡོང་བའི་ཕན་བདེ་དངོས་གནས་ལོངས་སྤྱོད་བྱེད་ཐུབ་པར་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།
རིན་ཆེན་མཚོས་བསྒྱུར།