ད་ལོའི་དུས་ཚིགས་དང་པོར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་མགོ་བརྩམས་པ་ནས་འབད་འཐབ་དང་མགོ་བརྩམས་པ་ནས་རྒྱལ་ཁ་ལེན་པའི་ཆོད་སེམས་བཅངས་ཏེ། འཛད་སྤྱོད་ལ་སྐུལ་བའི་བྱ་འགུལ་རིགས་སྣ་ཚོགས་སྤེལ་བ་དང་། ཁེ་ལས་གསོ་སྐྱོང་དམ་འཛིན་བྱེད་པ། རྙིང་ཚབ་གསར་བརྗེ་བྱ་བ་རྒྱུན་མཐུད་སྒོས་སྤེལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཉོ་ཚོང་དཔལ་འབྱོར་གྱི་འཁོར་སྐྱོད་གོ་རིམ་ལྡན་ལ་ཁེ་ལས་བརྟན་པོར་བཟང་ཕྱོགས་སུ་འཕེལ་ཡོད།
ཡུས་ཧྲུའུ་ཁུལ་གྱིས་འཛད་སྤྱོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་དང་། 2025ལོར་མི་འདང་ས་ཁ་གསབ་བྱེད་པའི་བྱ་བ་ཏན་ཏིག་སྒོས་སྤེལ་ནས་ལོ་ཧྲིལ་བོའི་ལས་འགན་ཚད་གཞི་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱ་བའི་བརྡ་སྦྱོར་དཔར་འགྲེམས་བྱས་ཏེ། སྡེ་ཁག་སོ་སོའི་མཉམ་ཤུགས་གཅིག་སྡུད་བྱས་ནས་ལས་རྣམ་མང་པོ་མཉམ་འདྲེས་ཀྱིས་འཛད་སྤྱོད་ཡར་བསྐྱེད་ལ་སྐུལ་འདེད་བཏང་། མང་ཚོགས་ཀྱི་དམངས་ཚིས་དགོས་མཁོར་དམ་པོར་དམིགས་ཏེ། ལུགས་གསར་རྙིང་ལོ་སར་དུས་ཆེན་སྐབས་སུ། ཚན་སྡེབ་རྣམ་པའི་འཛད་སྤྱོད་བྱ་ཐབས་གསར་གཏོད་བྱས་ནས་འཛད་སྤྱོད་ལ་སྐུལ་བའི་བརྗོད་དོན་བྱ་འགུལ་ཐེངས་གསུམ་ལྷག་སྤེལ་བ་དང་། དེའི་ཐད་མ་དངུལ་སྒོར་འབུམ་བཞི་ལྷག་བཏང་ཞིང་། གློག་རྡུལ་འཛད་སྤྱོད་ཤོག་བྱང7500ལྷག་བྱིན་ནས་སྤྱི་ཚོགས་འཛད་སྤྱོད་མ་དངུལ་སྒོར་ས་ཡ་གསུམ་ལྷག་སྐུལ་ཁྲིད་བྱས། བསྡོམས་རྩིས་བྱས་པ་ལྟར་ན། ཟླ1པོ་ནས་ཟླ2པའི་བར་ཡུས་ཧྲུའུ་ཁུལ་གྱི་རྡོ་སྣུམ་དང་། དུ་བ་ཕྱིར་འཚོང་ཚད་ན་ནིང་གི་དུས་མཉམ་ལས་གྲངས་གནས་གཉིས་ཀྱིས་འཕར་བ་མངོན་འགྱུར་བྱུང་། སིལ་འཚོང་ཁེ་ལས་གཙོ་བོའི་ཕྱིར་འཚོང་གྲངས་ཚད་ན་ནིང་གི་དུས་མཉམ་ལས་ལྡབ་བཞི་ཡིས་ཇེ་མང་དུ་སོང་བ་དང་། ཕྱིར་གཏོང་ནང་འདྲེན་གྱི་ཚད་གྲངས་མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་བརྒྱད་ལྷག་ལ་སླེབས། དྲ་ལམ་སིལ་འཚོང་མ་དངུལ་སྒོར་ས་ཡ་ལྔར་སླེབས་པ་དང་། དུས་མཉམ་ལས་བརྒྱ་ཆའི65.3འཕར། དུས་མཉམ་དུ། སྤྱི་ཚོགས་སྣུམ་སྣོན་ས་ཚིགས་གསུམ་བསྡོམས་རྩིས་བྱ་བའི་ནང་ཚུད་པ་དང་། རྫ་སྟོད་རྫོང་དང་། འབྲི་སྟོད་རྫོང་། ཆུ་དམར་ལེབ་རྫོང་བཅས་ལ་སྐུལ་ཁྲིད་བྱས་ཏེ་བདག་གཉེར་ཕན་འབྲས་ཅུང་ལེགས་པའི་ཚོང་ར་གཙོ་བོ67ལྷག་ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་ནང་བཞག་པ་དང་། ད་ཡོད་ཀྱི་ཁེ་ལས་དགུ་བརྗེ་སྒྱུར་བྱས་ཤིང་། ཚད་ལེན་ཁེ་ལས་ན་ནིང་གི91ནས་ད་ལོའི143ལ་སླེབས།
དེ་ལས་གཞན། ཁྱིམ་བཀོལ་གློག་ཆས། ཁྱིམ་ཆས། གློག་རྡུལ་ཐོན་རྫས་བདག་གཉེར་ཁྱིམ་ཚང་ཚད་ལེན་ཁྱབ་ཁོངས་ཁྲོད་འཇོག་པར་སྐུལ་སློང་ཧུར་ཐག་བྱས་ཏེ། ནུས་པ་ཡོད་པའི་སྒེར་གཉེར་བཟོ་ཚོང་ཁེ་ལས་སུ་བསྒྱུར་བར་སྐུལ་མ་བཏང་ནས་སྔར་ལས་ལྷག་པར་བྱ་འགུལ་ཁྲོད་ཞུགས་ཐུབ་པར་བྱེད་པ་དང་། ས་གནས་ཀྱི་དོན་དངོས་གཞིར་བཟུང་ནས། རྙིང་ཚབ་གསར་བརྗེ་བྱ་འགུལ་གཞིས་ཁུལ་དང་ཁེ་ལས། ལས་ཁུངས། དགོན་སྡེ་དང་གྲོང་གསེབ་དུ་བསྐྱོད་པའི་ལས་དོན་རྒྱུན་མཐུད་སྒོས་སྤེལ། ཟླ3པའི་ཚེས24བར་དུ། ཁུལ་ཡོངས་ཀྱི་རྙིང་ཚབ་གསར་བརྗེ་བསྡོམས་པས585གཏོང་སྤྲོད་བྱས་ཤིང་། དེས་འཛད་སྤྱོད་མ་དངུལ་སྒོར་ས་ཡ་གཅིག་འབུམ་ལྔ་ཁྲི་དྲུག་སྐུལ་ཁྲིད་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།