མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་མི་མེད་གནམ་གྲུ་ཚོད་ལྟའི་འཕུར་སྐྱོད་རྟེན་གཞི་དང་རྩིས་ནུས་ལྟེ་གནས། དག་གཙང་ནུས་ཁུངས་གསར་སྤེལ་སོགས་ལས་གཞིའི་མཉམ་ལས་ལེགས་འགྲུབ་འབྱུང་ཆེད། ཟི་ཁྲོན་དང་ཅང་ཞི་སོགས་ས་ཁུལ་གྱི་ཁེ་ལས་བར་ལས་གཞིའི་གྲོས་ཆོད་བཀོད། ད་ལོའི་དུས་ཚིགས་དང་པོར། སྟོབས་ལྡན་སྒོ་འབྱེད་རྣམ་པས་ལས་གཞིའི་གན་རྒྱའི་ཐད་ནས་ཐོད་བརྒལ་གསར་པ་མངོན་འགྱུར་བྱས་ཏེ། ལས་གཞི་བཅུ་གཅིག་ལ་གན་རྒྱ་བཞག་པ་དང་གན་རྒྱའི་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་དགུ་བྱེ་བ་གཉིས་ལ་སླེབས་ཤིང་། རྒྱུན་མཐུད་འཛུགས་སྐྲུན་གྱི་ལས་གཞི་གསར་བའི་ཐད་མ་དངུལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་གསུམ་ས་ཡ་བརྒྱད་བཏང་ནས། མཚོ་བྱང་ཁུལ་གྱི་ལོ་ཧྲིལ་བོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་བཏིངས།
མཚོ་བྱང་ཁུལ་གྱིས་ཐོན་ལས་གཙོ་བོ་དང་ཁེ་ལས་ལེགས་པོ། ཁྱད་ལྡན་ཐོན་རྫས། གནད་འགག་ལག་རྩལ། མཐོ་རིམ་འཇོན་མི་སོགས་གཅིག་སྡུད་བྱས་ཏེ། བསམ་ཕྱོགས་དང་བྱེད་ཐབས། ཐབས་ཇུས་བཅས་གསར་གཏོད་བྱེད་པ་རྒྱུན་འཁྱོངས་བྱས་ནས། འབྲེལ་ཡོད་བྱ་བ་ཞིབ་ཚགས་སུ་བསྒྱུར་ནས་ཚོང་འགུག་འགུལ་སྐྱོད་བཅུ་དང་བྱ་འགུལ་གཙོ་བོ་བཅུ་བཞི་རུ་ཁག་བགོས་བྱས། ལས་གཞི་གཙིགས་འཛིན་འདུ་ཤེས་རྒྱུན་སྲིང་བྱས་ཏེ། ཐོན་ལས་ཀྱི་གཙོ་ཁྲིད་ཁ་ཕྱོགས་དམིགས་སུ་འཛིན་པ་དང་། ཞིབ་ཅིང་གནད་ལ་འཁེལ་བ་དང་དོན་དངོས་བཅས་ཀྱི་རྩ་དོན་ལྟར། 2025ལོ་ནས2027ལོའི་བར་གྱི་གསོག་འཇོག་ལས་གཞི་འཆར་འགོད་གྲབས་གསོག་བྱས་ཤིང་། མིག་སྔར་གསོག་འཇོག་ལས་གཞི་བརྒྱ་ལྷག་འཆར་འགོད་བསྡུ་ལེན་བྱས་ཡོད་ལ། མ་དངུལ་སྒོར་ཐེར་ཆེན་དགུ་དང་དུང་ཕྱུར་བདུན་བྱེ་བ་གསུམ་བཏང་ཡོད།
མཚོ་བྱང་ཁུལ་གྱིས་འཆར་འགོད་སྔོན་ལ་འཇོག་པ་དང་ཚོང་འགུག་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ནུས་ཁུངས་གསར་པ་དང་ཞིང་ཕྱུགས་ལས། ཡུལ་སྐོར་ལས་རིགས། གཞི་གྲངས་དཔལ་འབྱོར་སོགས་ཐོན་ལས་གཙོ་བོ་དམིགས་སུ་བཟུང་ནས། ཐོན་ལས་དང་ཁྱབ་ཁོངས་གསལ་འབྱེད་བྱས། 2025ལོའི་གནད་འཁེལ་ཚོང་འགུག་བྱ་བའི་བཀོད་སྒྲིག་དང་ཟླ་གཉིས་པའི་ཟླ་མཇུག་སྔོན་དུ་འཆར་འགོད་ཚགས་སུ་ཆུད་པ། ཟླ་གསུམ་པར་ཡོངས་སུ་ལག་བསྟར་བྱེད་པའི་གོ་རིམ་བླང་བྱ་ལྟར། 2025ལོའི་མཚོ་བྱང་ཁུལ་གྱི་ཁྱད་ལྡན་ཐོན་ལས་ཕྲེང་འབྲེལ་གྱི་ཚོང་འགུག་རེའུ་མིག་གི་མ་ཟིན་ཇུས་འགོད་ལེགས་འགྲུབ་བྱུང་ཞིང་། ལས་གཞི་གལ་ཆེན་ནང་འདྲེན་དང་ཚོང་འགུག་གནད་འཁེལ་ཚད་ཇེ་མཐོར་གཏོང་ཆེད། འཆར་འགོད་ཞིབ་ཚགས་དང་དམིགས་འབེན་གསལ་སྟོན་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།