ཟླ4པའི་ཚེས1ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་ཐུབ་བསྟན་ལྷ་གཡང་གིས་བཤད་རྒྱུར། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྒྲིལ་བའི་ལོ་ཡིན་པས། ང་ཚོས2024ལོ་ནས2028ལོའི་རྩྭ་ཐང་ལ་སྲུང་སྐྱོབ་སླར་གསོ་དང་བེད་སྤྱོད་བྱེད་པའི་འཆར་གཞི་པར་འགྲེམས་བྱས་པ་བརྒྱུད་ནས། བྱེད་ཐབས་འཚོལ་ཞིབ་དང་བྱེད་ཐབས་སྣ་མང་སྤྱད་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་འཁྱགས་གཞི་གཅིག་ཅན་སྲུང་སྐྱོབ་ལ་གཅིག་འདོམས་བྱས་ཏེ། རྩྭ་ཐང་སླར་གསོ་དང་སྐྱེ་ཁམས་འགོག་ར་འཛུགས་སྐྲུན་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་བཅས་མཉམ་འདྲེས་ཟབ་མོ་བྱས་ནས། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་ཡུས་ཧྲུའུ་ཡི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
ཉེ་སྔོན། ཡུས་ཧྲུའུ་ཁུལ་གྱིས2024ལོ་ནས2028ལོའི་རྩྭ་ཐང་ལ་སྲུང་སྐྱོབ་སླར་གསོ་དང་བེད་སྤྱོད་བྱེད་པའི་འཆར་གཞི་པར་འགྲེམས་བྱས་ནས། ཉེ་བའི་ལོ་འགའི་རིང་ལ་ཡུས་ཧྲུའུ་ཁུལ་གྱིས་རྩྭ་ཐང་ལ་སྲུང་སྐྱོབ་སླར་གསོ་དང་བེད་སྤྱོད་བྱས་པའི་བྱ་བའི་ཐད་བླངས་པའི་གྲུབ་འབྲས་དང་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་དང་དབྱེ་ཞིབ་བྱས་པ་དང་། གོ་རིམ་རྗེས་མར་རྩྭ་ཐང་ལ་སྲུང་སྐྱོབ་དང་སླར་གསོ་བེད་སྤྱོད་བྱེད་པའི་དམིགས་འབེན་དང་ལས་འགན་གཙོ་བོ། སླར་གསོ་བེད་སྤྱོད་བྱེད་པའི་སྒྲིག་བཀོད། གཞོགས་འདེགས་འགན་སྲུང་ལས་གཞི་སོགས་བཏོན་ཞིང་། ཚན་རིག་གི་གཅིག་འདོམས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་རྩྭ་ཐང་སྲུང་སྐྱོབ་སླར་གསོ་དང་བེད་སྤྱོད་བྱེད་པའི་འཛུགས་སྐྲུན་བྱ་བར་མཛུབ་སྟོན་བྱས་པ་དང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་འགོག་ར་བསྐྲུན་པར་ཡུས་ཧྲུའུ་ཡི་ཇུས་གཞི་འདོན་སྤྲོད་བྱས།
འཆར་གཞི་ལས་ཉེ་བའི་ལོ་འགའི་རིང་ལ། ཡུས་ཧྲུའུ་ཁུལ་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་བྱེད་པར་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་ལས་གཞི་གལ་ཆེན་མང་པོ་ལག་བསྟར་ཟབ་མོ་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་དུས་རིམ་གཉིས་པའི་ལས་གཞི་དང་ཕྱུགས་འཚོ་མཚམས་བཞག་ནས་རྩྭ་ཐང་སླར་གསོ་བྱེད་པའི་ལས་གཞི་གཉིས་ཀ་ལེགས་འགྲུབ་བྱུང་བ་དང་། རྩྭ་ཐང་གི་སྐྱེ་ཁམས་མ་ལག་གི་ནུས་པ་མངོན་གསལ་སྒོས་སླར་གསོ་བྱུང་ནས་བཟང་ཕྱོགས་སུ་འཕེལ་ཞིང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཚད་བརྒྱ་ཆའི་ང་བདུན་དང་གྲངས་ཆུང་བཞི་དྲུག་ནས་བརྒྱ་ཆའི་རེ་གཉིས་དང་གྲངས་ཆུང་བཞི་ལ་འཕར་ཡོད་པར་བསྟན།
འཆར་གཞི་ལས2028ལོར་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཚད་བརྒྱ་ཆའི་རེ་གཉིས་དང་གྲངས་ཆུང་བཞི་ནས་བརྒྱ་ཆའི་རེ་གསུམ་དང་གྲངས་ཆུང་བཞི་ལ་འཕར་བ་དང་། བཅོས་སྐྱོང་དང་སླར་གསོ་བྱེད་པའི་རྩྭ་སའི་རྒྱ་ཁྱོན་སྤྱི་ཆིང་འབུམ་གཅིག་དང་ཁྲི་བཞི་སྟོང་གཉིས་དང་དགུ་བརྒྱར་སླེབས་པ། རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་ཀྱིས་གནོད་པ་སྐྱེལ་ཚད་བརྒྱ་ཆའི་བཅུའི་ནང་ཚུན་དུ་ཚོད་འཛིན་བྱེད་དགོས། དེ་དང་མཉམ་དུ། རིག་ནུས་རྩྭ་ཐང་གི་སྟེགས་བུ་བསྐྲུན་པར་སྐུལ་འདེད་གཏོང་བ་དང་། རྩྭ་རིགས་གསོ་འདེབས་དང་ཐཱན་འདུས་ཚད་ཚད་ལེན་བྱེད་པ་སོགས་ཀྱི་ལག་རྩལ་འགག་སྒྲོལ་ལ་ཤུགས་བསྣན་ནས། རྩྭ་ཐང་དོ་དམ་གྱི་གཞི་གྲངས་ཅན་དང་ཞིབ་ཕྲ་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། སྐྱེ་ཁམས་ཡུལ་སྐོར་དང་རྩྭ་ཕྱུགས་ཐོན་ལས་ལས་སྣོན་སོགས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། འབྲོག་པའི་ཡོང་འབབ་འཕར་བར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ཀ་མཉམ་རྒྱལ་འབྱུང་དུ་འཇུག་དགོས་པ་བསྟན།
ལྷ་མོ་འཚོས་བསྒྱུར།