ཉེ་ལམ། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་དང་འཕེལ་རྒྱས་མཐུན་སྒྲིལ་བཅས་ལ་སྐུལ་འདེད་གཏོང་བའི་ཚོང་འགུག་དངུལ་འདྲེན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱ་ཆེད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཚོང་འགུག་དངུལ་འདྲེན་གྱི་བྱ་བའི་ལས་འགན་ལག་བསྟར་ནན་མོ་བྱས་པ་དང་། དམངས་གཉེར་དཔལ་འབྱོར་ལ་འབྲེལ་གཏུག་བྱེད་པའི་སྦྲེལ་ཐག་གི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཤིང་། སྲིད་ཇུས་ཀྱིས་སྟོབས་ནུས་སྩོལ་བ་དང་སྟེགས་བུ་བསྐྲུན་པ། གནད་འཁེལ་ཞབས་ཞུ་བཅས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་དེ། ཚོང་འགུག་ཆེད་ལས་མི་སྣ་བདམས་ནས་རང་འགུལ་སྒོས་ཞབས་འདེགས་ཞུས་པ་དང་། ས་ཁུལ་སོ་སོའི་ཚོང་འགུག་དངུལ་འདྲེན་བྱ་བར་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོབ་པར་རོགས་ཤུགས་བཏོན།
ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་དང་ལྗང་མདོག་རྩིས་ནུས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པའི་དམིགས་འབེན་ལ་དམ་པོར་དམིགས་པ་དང་། ཕྲེང་སྦྲེལ་དམ་པོ་དང་ཚོགས་པ་གཅིག་བསྡུས། མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲིད་ཕྱོགས་ཆེན་པོ་གསུམ་ལ་གཞིགས་ནས། 2025ལོའི་ཞིང་ཆེན་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་གསོག་འཇོག་ལས་གཞིའི་མཛོད་བཙུགས་པ་དང་། སྤུས་ལེགས་ཚོང་འགུག་དངུལ་འདྲེན་ལས་གཞི་བཞི་བརྒྱ་བརྒྱད་ཅུ་འཆར་འགོད་བྱས་ནས་གདམ་གསེས་བྱས་ལ། སྦྲེལ་མཐུད་ཞབས་ཞུ་ལེགས་པོ་བསྒྲུབ་པར་རྨང་གཞི་བརྟན་པོ་བཏིངས། 2025ལོའི་ནུབ་རྒྱུད་ས་ཁུལ་ལ་སྐུལ་སློང་བྱེད་པའི་ཐོན་ལས་དཀར་ཆག་གི་མཚོ་སྔོན་ཞིང་ཆེན་གྱི་དོན་འགྲེལ་འགན་འཁྲིའི་གསལ་ཐོ་སྔོན་ལ་གཏན་འབེབས་བཟོས་པ་དང་། ཁེ་ལས་ལ་ཕན་པའི་སྲིད་ཇུས་གནད་འཁེལ་སྒོས་སྐྱེལ་བ་དང་ནུས་མཐོ་སྒོས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་།
མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་རྐྱེན་སྲོལ་བེད་སྤྱོད་ལེགས་པོ་བྱས་པ་དང་། རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱ་ཡུལ་ཕྱོགས་གཉིས་ཀྱི་ཐོན་ལས་མཉམ་ལས་བརྗེ་རེས་ལ་ཤུགས་སྣོན་པར་དམིགས་ནས། རོགས་སྐྱོར་བྱ་ཡུལ་དང་རོགས་སྐྱོར་བྱེད་མཁན་ས་ཁུལ་གྱིས2025ལོར་རོགས་སྐྱོར་བྱེད་མཁན་གྱི་འབྲེལ་ཡོད་བཤམས་སྟོན་ཚོགས་འདུ་དང་འགྲེམ་འཚོང་ཚོགས་འདུ། ཚོང་གཏམ་གྲོས་ཚོགས་བཅས་ལ་ཞུགས་པའི་འབྲེལ་ཡོད་འཆར་གཞི་འགོད་པར་མཛུབ་སྟོན་བྱས་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དང་གྲོང་ཁྱེར་དང་ཁུལ་སོ་སོ་མཉམ་དུ་བཤམས་སྟོན་དང་འགྲེམ་འཚོང་། ཚོང་གཏམ་སོགས་ཀྱི་བྱ་འགུལ་ལ་ཞུགས་པར་མཐུན་སྦྱོར་བྱས་ཤིང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་དཔལ་འབྱོར་ཚོང་དོན་གྱི་བྱ་འགུལ་ཆེན་པོར་བརྟེན་ནས། ལས་རིགས་ཀྱི་ཁེ་ལས་གཙོ་བོ་གཅིག་སྡུད་བྱས་ལ། དྲིལ་སྒྲོག་འོས་སྦྱོར་ལ་ཤུགས་བསྣན་པ་དང་། སྦྲེལ་མཐུད་དམ་ཟབ་བྱས་ཏེ་ཚོང་གཏམ་གྲོས་མོལ་བྱས།
ཚོང་འགུག་ཆེད་ལས་མི་སྣ་མངགས་ཏེ། མཚོ་བྱང་གི་ཏང་སྲིད་འཐུས་ཚབ་ཚོགས་པའི་རྗེས་འབྲངས་ནས་པེ་ཅིང་དུ་ཚོང་འགུག་དངུལ་འདྲེན་གྱི་བྱ་བ་བསྒྲུབས་པ་དང་། ལྗང་མདོག་རྩིས་ནུས་དང་ནུས་ཁུངས་གསར་པ་གསར་སྤེལ་སོགས་ཀྱི་ཁྱབ་ཁོངས་ལ་གཞིགས་ནས། ཏཱ་ཐཱང་མཚོ་སྔོན་ནུས་ཁུངས་གསར་སྤེལ་ཚད་ཡོད་ཀུང་ཟི་དང་པེ་ཅིང་ཙི་ཐེན་ཧུང་སྡེ་ཚོགས་གཉིས་དང་བཞུགས་མོལ་བརྗེ་རེས་བྱས་ལ། ཕྱོགས་གསུམ་གྱི་ཐབས་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་ཆོད་འགོད་པར་སྐུལ་འདེད་བཏང་བ་དང་། ལྗང་མདོག་རིག་རྩིས་ལས་གཞི་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་། རླུང་གློག་ཐོན་ལས་ཀྱི་ཚོང་འགུག་འཆར་གཞི་ལྟར། རླུང་གློག་སྒྲིག་ཆས་བཟོ་སྐྲུན་གྱི་ཐོན་ལས་ཕྲེང་སྦྲེལ་ལ་ཞིབ་འཇུག་ནན་མོ་བྱས་པ་དང་། རླུང་གློག་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་ཀྱི་ཚོང་འགུག་གྲོས་གཞི་བཏོན་ནས། གནད་འཁེལ་ཚོང་འགུག་ལ་སྐུལ་འདེད་བཏང་།
ལྷ་མོ་འཚོས་བསྒྱུར།