ཀྲུང་གོའི་རྒྱལ་སྤྱིའི་རོགས་སྐྱོབ་རུ་ཁག་གིས་འབར་མའི་མན་ཏི་ལི་ས་ཁུལ་དུ་མུ་མཐུད་དུ་སྨན་བཅོས་བརྟག་དཔྱད་ཀྱི་ལས་དོན་སྤེལ་བཞིན་ཡོད།
2025.04.06 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4བའི་ཚེས5ཉིན། ཀྲུང་གོའི་དམག་དཔུང་ཟབ་ཞུགས་ཚན་ཆུང་གིས་མངག་གཏོང་བྱས་པའི་ཀྲུང་གོའི་རྒྱལ་སྤྱིའི་རོགས་སྐྱོབ་རུ་ཁག་གིས་འབར་མའི་མན་ཏི་ལི་ས་ཁུལ་དུ་མུ་མཐུད་དུ་སྨན་བཅོས་བརྟག་དཔྱད་བྱ་བ་སྤེལ་ཞིང་། ནད་རིགས་ཞིབ་བཤེར་དང་། ནད་རྟགས་འདྲི་རྟོགས། སྨན་བཀོལ་མཛུབ་སྟོན། སྨན་སྟེར་བ། ཤེས་བྱ་དྲིལ་སྒྲོག་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ས་གནས་ཀྱི་གནོད་ཐེབས་མང་ཚོགས་ལ་ཡུལ་དངོས་སུ་བརྟག་བཅོས་ཞབས་ཞུ་འདོན་སྤྲོད་བྱས།

མན་ཏི་ལིའི་གསོ་རིག་སློབ་ཆེན་ཉེ་འགྲམ་གྱི་བཀོད་སྒྲིག་ས་ཁུལ་དུ། རོགས་སྐྱོབ་རུ་ཁག་གིས་ཀྲུང་གོས་གསར་སྤེལ་བྱས་པའི་ཚད་བརྒལ་སྒྲ་རླབས་བརྟག་ཆས་དང་། སྟབས་བདེའི་རྣམ་པའིXའོད་བརྟག་འཕྲུལ་ཆས། སྔས་འགྲམ་སྙིང་རིས་བརྟག་ཆས་སོགས་ཁྱེར་བདེ་བའི་བརྟག་དཔྱད་སྒྲིག་ཆས་བེད་སྤྱད་ནས། ས་གནས་ཀྱི་མང་ཚོགས250ལྷག་ལ་རིན་མེད་ཞིབ་བཤེར་ཞབས་ཞུ་འདོན་སྤྲོད་བྱས་ཤིང་། ཡུལ་དངོས་སུ་ནད་རྟགས་ལྟར་རིགས་སོ་སོའི་མྱུར་མཁོའི་སྨན་རྫས་བྱིན།

མན་ཏི་ལི་གོང་མའི་ཕོ་བྲང་ཉེ་འགྲམ་གྱི་བཀོད་སྒྲིག་ས་ཁུལ་དུ། སྨན་བཅོས་རུ་ཁག་གིས་ས་གནས་དེའི་རྒྱུན་མཐོང་གི་ནད་རིགས་ལ་དམིགས་ནས་གནད་འཁེལ་ཇུས་བསྟར་དང་། ལྷག་པར་གནོད་ཁུལ་གྱི་དྲོད་ཚད་མཐོ་བར་བརྟེན་དབུགས་ལམ་དང་འཇུ་ལམ། རིམ་འགོག་མ་ལག་གི་ནད་འབྱུང་སླ་བར་དམིགས་ནས་སྨན་བཀོལ་མཛུབ་སྟོན་བྱས་ཤིང་། ཁ་གཏད་རང་བཞིན་གྱིས་དབུགས་ལམ་མ་ལག་གསོ་བཅོས་བྱེད་པ། དལ་བའི་ནད་རིགས་དོ་དམ་སོགས་རྒྱུན་མཐོང་གི་ནད་རིགས་སྔོན་འགོག་ཤེས་བྱ་དྲིལ་སྒྲོག་སློབ་ཁྲིད་བྱས་ཏེ། ས་གནས་མང་ཚོགས་ཀྱི་རང་སྲུང་ནུས་པ་ཇེ་མཐོར་གཏོང་རོགས་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། སྨན་བཅོས་བརྟག་དཔྱད་དཔུང་ཁག་དེ་རོགས་སྐྱོབ་རུ་ཁག་གི་གསོ་རིག་ཆེད་མཁས་པ་བཅུ་ཕྲག་འགས་གྲུབ་པ་ཞིག་ཡིན་ཞིང་། དེའི་ཁྲོད་ཁོང་ནད་ཚན་ཁག་དང་ཕྱི་ནད་ཚན་ཁག བུད་མེད་དང་བྱིས་པའི་ཚན་ཁག་སོགས་སྨན་བཅོས་ཚན་ཁག་བཅུ་བཞི་འདུས་ཡོད། འབར་མར་རོགས་བྱས་པའི་ཚུན་དུ། ཁོ་ཚོས་ཞིག་རོའི་འཚོལ་སྐྱོབ་དང་། བཟོ་བསྐྲུན་བརྟག་འཇལ། རྨས་མ་རིགས་བགར་སོགས་ཀྱི་བྱ་བར་གཞོགས་འདེགས་གང་ལེགས་བྱས་པའི་ཞོར་དུ། ཀྲུང་གོའི་རོགས་སྐྱོབ་རུ་ཁག་དང་། ཀྲུང་གོའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རོགས་སྐྱོབ་རུ་ཁག ཧྲིན་ཀྲིན་སྤྱི་ཕན་རོགས་སྐྱོབ་རུ་ཁག་སོགས་ཀྲུང་གོའི་རོགས་སྐྱོབ་སྟོབས་ཤུགས་དང་མཉམ་འབྲེལ་གྱིས། འཚོལ་སྐྱོབ་མི་སྣ་དང་གནོད་ཐེབས་མང་ཚོགས་ལ་ཉིན་ཧྲིལ་བོའི་བརྟག་བཅོས་འགན་སྲུང་འདོན་སྤྲོད་བྱས་ཤིང་། བསྡོམས་པས་མི་ཐེངས500ལྷག་ལ་བརྟག་བཅོས་བྱས།

གོ་རིམ་རྗེས་མར། རོགས་སྐྱོབ་རུ་ཁག་གིས་རིམ་པ་ལྟར་སྨན་བཅོས་སྟོབས་ཤུགས་རྩ་འཛུགས་བྱས་ཏེ།  མན་ཏི་ལི་ས་ཁུལ་གྱི་བཀོད་སྒྲིག་ས་ཁུལ་སོ་སོར་བརྟག་བཅོས་བྱ་བ་སྤེལ་ནས། ས་གནས་དེར་འབྱུང་སླ་བའི་དབུགས་ལམ་མ་ལག་དང་། མཆིན་འཁྲིས་མ་ལག ཀླད་སྙིང་ཁྲག་རྩ་དང་ནང་ཟགས་མ་ལག་བཅས་ཀྱི་དལ་བྲེལ་རིགས་ཀྱི་ནད་ལ་དམིགས་ནས་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་ཡིན་པར་མ་ཟད། ས་གནས་དེར་དགོས་གལ་ཆེ་བའི་སྨན་བཅོས་དངོས་རྫས་དང་སྒྲིག་ཆས་ཞལ་འདེབས་སུ་འབུལ་རྩིས་རེད།

རིག་འཛིན་སྒྲོལ་མས་བསྒྱུར།