རང་རྒྱལ་གྱི་ཕྱི་རྒྱལ་གཞུང་ཚབ་ཁང་དང་ཕྱི་ཕྱོགས་རོགས་སྐྱོར་སྨན་བཅོས་རུ་ཁག་སོགས་ཀྱིས་དུར་མཆོད་དུས་ཆེན་སྐབས་སུ་དུར་མཆོད་བྱེད་སྒོ་སྤེལ།
2025.04.06 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 2

དུར་མཆོད་དུས་ཆེན་སྐབས་སུ། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་དང་ཕྱི་ཕྱོགས་རོགས་སྐྱོར་སྨན་བཅོས་རུ་ཁག་སོགས་ཀྱིས་དུར་ཕྱགས་བྱེད་སྒོ་སྤེལ་ཏེ། ཕྱི་རྒྱལ་གྱི་སྔོན་བཤེགས་དཔའ་བོ་དང་ཕྱི་ཕྱོགས་རོགས་སྐྱོར་ཁྲོད་རང་སྲོག་བློས་བཏང་བའི་ཆེད་མཁས་པ་དང་ལག་རྩལ་མི་སྣ་སོགས་ལ་རྗེས་དྲན་བྱས།

ད་ལོ་ནི་ཀྲུང་གོའི་མི་དམངས་དང་བླངས་དམག་གི་མེ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་ལ་ལོ་ངོ75འཁོར་བའི་ལོ་ཡིན། ཀྲུང་གོའི་ཁྲའོ་ཞན་གཞུང་ཚབ་ཁང་དང་། ཆིན་ཅིན་སྤྱི་ཁྱབ་ཁང་གི་མི་སྣ་ཡོངས་དང་། ཁྲའོ་ཞན་གྱི་ཀྲུང་གོའི་དངུལ་གཏོང་ལས་ཁུངས། སྨྱན་བྱད་དང་ཁྲའོ་ཞན་གྱི་ཀྲུང་གོའི་ཕྱི་སྡོད་རང་མི་སོགས་མི་དྲུག་ཅུ་ལྷག  ཁྲའོ་ཞན་ཞན་ཅིན་ནན་ཏོ་ཁྲང་ཅིན་ཅུན་གྱི་ཁྲང་ཅིན་དབྱི་དང་། ཞིན་ཞིན་ལིས་ལ་སོང་ནས་ཀྲུང་གོའི་མི་དམངས་དང་བླངས་དམག་གི་སྔོན་བཤེགས་དཔའ་བོ་འི་དུར་ས་རུ་དུར་ཕྱགས་བྱས་ནས། ཁྲང་ཅིན་ཧུའུ་དམག་འཐབ་ཁྲོད་རང་སྲོག་བློས་བཏང་པའི་ཀྲུང་གོའི་མི་དམངས་དང་བླངས་དམག་གི་སྔོན་བཤེགས་དཔའ་བོར་རྗེས་དྲན་བྱས།

ཀྲུང་གོའི་ཁྲའོ་ཞན་གྱི་གཞུང་ཚབ་པ་ཝང་ཡ་ཅུན་གྱིས་བཤད་རྒྱུར། ཐེངས་འདིའི་དུར་ཕྱགས་བྱེད་སྒོ་ནི་དང་བླངས་དམག་གི་རླབས་ཆེན་སྙིང་སྟོབས་དང་ལེན་གྱི་མཆོད་མཇལ་ཐེངས་ཤིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཟུངས་ཁྲག་ལ་བརྟེན་ནས་བྱུང་བའི་དམག་འཐབ་མཛའ་བརྩེ་ཡང་བསྐྱར་མྱོང་ཚོར་བྱས་པ་ཞིག་ཡིན། ཀྲུང་གོ་དང་ཁྲའོ་ཞན་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་བརྩེ་དེ་དུས་རབས་གསར་བའི་གནས་བབ་གསར་བའི་འོག་ཏུ་འཕེལ་རྒྱས་ཆེན་པོ་བྱུང་ནས། ས་ཁུལ་གྱི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་སྔར་ལས་མང་བའི་བྱས་རྗེས་འཇོག་ཁོ་ཐག་ཡིན་ཞེས་བཤད།

དུར་མཆོད་དུས་ཆེན་སྔོན་དུ། ཀྲུང་གོར་སྡོད་པའི་ཡའོ་ནན་གྱི་གཞུང་ཚབ་པ་ཧི་ཝེ་ཡིས་གཞུང་ཚབ་ཁང་གི་མི་སྣ་དང་། ཡའོ་ནན་གྱི་ཀྲུང་གོའི་དངུལ་གཏོང་ཁེ་ལས། རིག་གནས་གསར་འགྱུར་ལས་ཁུངས་དང་ཕྱི་འགྲིམས་སློབ་མའི་འཐུས་མི་སོགས་ཀྱི་སྣེ་ཁྲིད་དེ། ཧི་ནེ་ཅ་ལིན་དུ་ཀྲུང་གོའི་སྔོན་བཤེགས་དཔའ་བོའི་དུར་ས་རུ་དུར་ཕྱགས་བྱས་ལ། ཡའོ་ནན་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་རོན་རུང་ཀོང་སོགས་བྱེད་སྒོར་ཞུགས།

ཀྲུང་གོ་དང་ཡའོ་ནན་གྱི་ཡི་གེས་གསར་བརྗེའི་སྔོན་བཤེགས་དཔའ་བོ་ནམ་ཡང་ཉམས་པ་མེད་ཅེས་བྲིས་པའི་རྗེས་དྲན་རྡོ་རིང་གི་མདུན་དུ། ཧི་ཝེ་ཡིས་དུར་མཆོད་ཡི་གེ་སྒྲོག་འདོན་བྱས་ཤིང་། ཡའོ་ནན་ལ་རོགས་བྱས་ནས་ཧྥ་རན་སི་འགོག་རྒོལ་དང་། མེ་འགོག་འཐབ་འཁྲུག་ཁྲོད་རང་སྲོག་བློས་བཏང་པའི་ཀྲུང་གོའི་སྔོན་བཤེགས་དཔའ་བོར་རྗེས་དྲན་བྱས་པ་དང་། ཁོ་ཚོས་རང་ཉིད་ཀྱི་ཟུངས་ཁྲག་དང་ཚེ་སྲོག་ལ་བརྟེན་ནས་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་དང་རྒྱལ་སྤྱིའི་རིང་ལུགས་ཀྱི་སྙིང་སྟོབས་གསལ་འགྲེལ་བྱས་ཤིང་། ཀྲུང་གོ་དང་ཡའོ་ནན་བར་ཉམས་པ་མེད་པའི་མཛའ་བརྩེ་བསྐྲུན་པར་བླ་མེད་ཀྱི་གུས་འདུད་ཞུས། ཧི་ཝེ་ཡིས་ཀྲུང་གོ་དང་ཡའོ་ནན་གྱི་འབྲེལ་བའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་དུས་རབས་གསར་བར་ཞུགས་པ་དང་། ཕྱོགས་གཉིས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར། ཐུན་མོང་འོས་འགན་ཡིད་ལ་དམ་པོར་བཟུང་སྟེ། ཆུ་ཚད་མཐོ་བའི་ཆབ་སྲིད་ཀྱི་ཡིད་རྟོན་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་བརྟེན་ནས་སྔོན་རབས་པ་རྗེས་དྲན་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་བཤད།

ཀྲུང་གོར་སྡོད་པའི་ཙན་པི་ཡའི་གཞུང་ཚབ་ཁང་གིས་ཟླ4བའི་ཚེས3ཉིན་ལུའུ་སཱ་ཁ་ཞིང་ཆེན་གྱི་ཆུང་ཀོས་ས་ཁུལ་དུ་ཡོད་པའི་ཐན་ཙན་ལྕགས་ལམ་རྗེས་དྲན་གླིང་དུ་དུར་མཆོད་དུས་ཆེན་སྐབས་སུ་སྔོན་བཤེགས་དཔའ་བོར་དུར་མཆོད་བྱེད་པའི་བྱ་འགུལ་སྤེལ་ནས། ཐན་ཙན་ལྕགས་ལམ་འཛུགས་སྐྲུན་སོགས་ཀྲུང་གོ་དང་ཙན་པི་ཡའི་མཛའ་འབྲེལ་ལས་དོན་ཁྲོད་རང་སྲོག་ཤོར་བའི་ཀྲུང་གོའི་ཆེད་མཁས་པ་དང་ལག་རྩལ་མི་སྣར་རྗེས་དྲན་བྱས། ཀྲུང་གོར་སྡོད་པའི་ཙན་པི་ཡའི་གཞུང་ཚབ་ཁང་གི་གནས་སྐབས་གཞུང་ཚབ་པ་ཝང་ཧྲིན་གྱིས་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་ཡོངས་དང་། ཀྲུང་གོར་སྡོད་པའི་ཙན་པི་ཡའི་རོགས་སྐྱོར་སྨན་བཅོས་རུ་ཁག དམག་མིའི་སྨན་བཅོས་ཚན་ཁག ཁུང་ཙི་སློབ་གླིང་དང་ཙན་པི་ཡའི་ཀྲུང་གོའི་དངུལ་གཏོང་ཁེ་ལས་བཅས་ཀྱི་འཐུས་མི་སོགས་ཀྱི་སྣེ་ཁྲིད་དེ། ཀྲུང་གོའི་ཙན་པི་ཡའི་རོགས་སྐྱོར་ཁྲོད་ཀྱི་སྔོན་བཤེགས་དཔའ་བོ་ནམ་ཡང་ཉམས་པ་མེད་ཅེས་བྲིས་ཡོད་པའི་རྗེས་དྲན་རྡོ་རིང་གི་མདུན་དུ་མགོ་བོ་སྨད་ནས་མྱ་ངན་ཞུས་ཤིང་མེ་ཏོག་ཕུལ།

ཝང་ཧྲིན་གྱིས་བཤད་རྒྱུར། ད་ལོ་ནི་ཐན་ཙན་ལྕགས་ལམ་འཛུགས་གྲུབ་ཤར་གཏོང་བྱས་ནས་ལོ་ངོ50འཁོར་བའི་ལོ་ཡིན། ཀྲུང་གོ་དང་། ཐན་སང་ཉི་ཡ། ཙན་པི་ཡ་བཅས་རྒྱལ་ཁབ་གསུམ་གྱི་འཛུགས་སྐྲུན་པས་སྐྱིད་སྡུག་མཉམ་མྱོང་དང་། མཉམ་དུ་འབད་བརྩོན་བྱས་ཏེ། རྔུལ་ཁྲག་ལ་བརྟེན་ནས་ཀྲུང་གོ་དང་ཧྥེ་གླིང་བར་གྱི་མི་རབས་མཛའ་འབྲེལ་གྱི་ཉམས་པ་མེད་པའི་མཚོན་རྟགས་བསྐྲུན་ཡོད། ན་ནིང་གི་ཟླ9པར། ཀྲུང་གོ་དང་ཐན་སང་ཉི་ཡ། ཙན་པི་ཡ་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་ཐན་ཙན་ལྕགས་ལམ་སྒོ་འབྱེད་ལས་གཞིའི་བཟོད་སྒོམ་བརྗེད་ཐོའི་སྟེང་མཉམ་དུ་མིང་རྟགས་བཀོད་པ་དེས། སྲོལ་རྒྱུན་མཛའ་བརྩེ་རྒྱུན་ཆད་མེད་པར་གསར་སྒྱུར་བྱེད་བཞིན་པ་མཚོན་ཡོད་ཅེས་བཤད།

ཟླ4ཚེས3ཉིན། སྐོར་ཐེངས29པའི་ཀྲུང་གོའི་ཐུའུ་ཉི་སི་ལ་རོགས་སྐྱོབ་བྱེད་པའི་སྨན་བཅོས་རུ་ཁག་ཅན་ཏུའུ་པེ་ཞིང་ཆེན་དང་ཞི་ཏིས་པུའུ་ཅི་ཏི་ཞིང་ཆེན་གྱི་སྤྱི་བའི་དུར་ས་རུ་སོང་སྟེ། ཐུའུ་ཉི་སི་རུ་དོན་རྐྱེན་བྱུང་བའི་སྨན་བཅོས་མི་སྣ་ཚའོ་ཞན་ཆིན་དང་ལིའུ་ཅིན་ཡུན་གཉིས་ལ་དུར་མཆོད་བྱས་ཤིང་། ཕྱི་ཕྱོགས་རོགས་སྐྱོར་སྨན་བཅོས་ལས་དོན་ཆེད་དུ་རང་སྲོག་ཤོར་བའི་ཁོངས་མི་རྒན་པར་བརྩེ་བ་ཆེན་པོས་རྗེས་དྲན་བྱས།

ཐུའུ་ཉི་སི་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་ཁོངས་མི་རྣམས་ཀྱིས་ཉིན་དེར་ཕྱི་ཕྱོགས་རོགས་སྐྱོར་སྨན་བཅོས་རུ་ཁག་གི་དམ་ཚིག་བསྐྱར་དྲན་བྱས་ཏེ། བྱམས་སེམས་དང་བློ་གྲོས་ཀྱིས་ས་གནས་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཆོད་སེམས་བསྟན་ནས། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱ་ཆེད་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

ཟླ4ཚེས4ཉིན། ཀྲུང་གོར་སྡོད་པའི་ཀྲ་ཏིའི་གཞུང་ཚབ་ཚན་ཙན་ཏན་ཡོན་ཕིན་གྱིས་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་དང་སྐོར་ཐེངས20པའི་ཀྲ་ཏི་ལ་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་གི་ཁོངས་མི་ཡོངས་དང་། ཀྲུང་གོ་དང་ཀྲ་ཏིའི་མཛའ་འབྲེལ་སྨན་ཁང་གི་འཐུས་མི་སོགས་ཁྲིད་དེ། ཨིན་ཅ་མའེ་ན་སྤྱི་བའི་དུར་ས་རུ་སོང་ནས། ཕྱི་ཕྱོགས་རོགས་སྐྱོར་དུས་སྐབས་སུ་རང་སྲོག་ཤོར་བའི་ཀྲུང་གོའི་སྨན་བཅོས་རུ་ཁག་གི་སྨན་པ་ལིས་ཧུང་ལིན་གྱི་གདུང་མདུན་དུ་དུར་མཆོད་བྱས། སྐོར་ཐེངས20པའི་ཀྲ་ཏིར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་རུ་གཙོ་ལེང་ཧའེ་དབྱང་གིས་སྔོན་རབས་པའི་སྙིང་སྟོབས་ཤུགས་ཆེན་པོས་རྒྱུན་འཛིན་བྱས་ཏེ། ཀྲུང་གོ་དང་ཀྲ་ཏི་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ཟབ་མོ་མུ་མཐུད་དུ་རྒྱུན་སྲིང་བྱ་རྒྱུ་ཡིན་ཟེར།

ཕ་ཁི་སི་ཐན་བྱང་ཕྱོགས་ཀྱི་ཅིས་ཨར་ཅིས་ཐི་གྲོང་ཁྱེར་དུ་ཡོད་པའི་ཀྲུང་གོའི་སྔོན་བཤེགས་དཔའ་བོའི་དུར་ས་རུ། ཕ་ཁི་སི་ཐན་ཕྱོགས་ཀྱི་དཔོན་མི་དང་། ཕ་ཁི་སི་ཐན་གྱི་ཀྲུང་ཧྭའི་རིག་གནས་སློབ་གསོའི་མཐུན་ཚོགས་སོགས་ལས་ཁུངས་ཀྱི་འཐུས་མི། ལས་རིགས་སོ་སོའི་མང་ཚོགས་སོགས་ཟླ4བའི་ཚེས4ཉིན་གྱི་རྗེས་དྲན་བྱ་འགུལ་ལ་ཞུགས་ནས། ཁི་ལ་ཁུ་ནུ་གཞུང་ལམ་འཛུགས་སྐྲུན་ཁྲོད་རང་སྲོག་བློས་བཏང་པའི་ཀྲུང་གོའི་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།