ཟླ4བའི་ཚེས5ཉིན་ནི་དུར་མཆོད་དུས་ཆེན་གྱི་གུང་གསེང་གི་ཉིན་གཉིས་པ་ཡིན་པ་དང་། རྒྱལ་ཡོངས་ཀྱི་དུར་མཆོད་མི་གྲངས་དེ་ཉིན་སྔོན་མ་དང་བསྡུར་ན་མངོན་གསལ་སྒོས་ཇེ་ཉུང་དུ་སོང་ཡོད། གསར་འགོད་པས། དམངས་སྲིད་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚེས5ཉིན། རྒྱལ་ཡོངས་སུ་དུར་འཇུག་ཞབས་ཞུའི་ལས་ཁུངས་ཁྲི་དྲུག་དང་སྟོང་གཉིས་དགུ་བརྒྱ་ཡིས་ཡུལ་དངོས་སུ་དུར་མཆོད་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། ལས་བྱེད་མི་སྣ་འབུམ་གསུམ་དང་ཁྲི་བདུན་སྟོང་བདུན་སུམ་བརྒྱ་ཞབས་ཞུ་འགན་སྲུང་བྱ་བར་ཞུགས། ཉིན་ཧྲིལ་བོར། ཡུལ་དངོས་སུ་དུར་མཆོད་བྱེད་པའི་མང་ཚོགས་མི་ཐེངས་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་དྲུག་ཁྲི་བཞི་སྟོང་གཉིས་དང་ཉིས་བརྒྱ་སྣེ་ལེན་བྱས་ལ། དེ་ཉིན་སྔོན་མ་དང་བསྡུར་ན58.69%ཇེ་ཉུང་དུ་སོང་ཡོད། རླངས་འཁོར་ས་ཡ་གསུམ་དང་འབུམ་གཉིས་ཁྲི་དྲུག་སྟོང་ལྔ་དང་བརྒྱ་ལ་ལམ་སྟོན་བྱས་པ་དང་། དེ་ཉིན་སྔོན་མ་དང་བསྡུར་ན56.48%ཇེ་ཉུང་དུ་སོང་ཡོད། དེའི་ཁྲོད། མེ་ཏོག་འབུལ་བའི་དུར་མཆོད་སོགས་ལྗང་མདོག་ཐཱན་ཉུང་གི་དུར་མཆོད་བྱེད་སྟངས་བདམས་པའི་མང་ཚོགས་མི་ཐེངས་ས་ཡ་བརྒྱད་དང་འབུམ་བརྒྱད་ཁྲི་གཅིག་ཡོད་པ་དང་། དེས་ཡུལ་དངོས་དུར་མཆོད་མི་གྲངས་ཀྱི་སྤྱིའི་བསྡོམས་གྲངས་ཀྱི64.59%ཟིན་པ་དང་། དྲ་རྒྱའི་དུར་མཆོད་ལས་སྟེགས991གིས་དུར་མཆོད་བྱེད་མཁན་གྱི་མང་ཚོགས་འབུམ་གཉིས་དང་ཁྲི་གཉིས་སུམ་བརྒྱ་ལ་ཞབས་འདེགས་ཞུས།
ཚེས5ཉིན། རྒྱལ་ཡོངས་ཀྱི་དུར་འཇུག་ཞབས་ཞུའི་ལས་ཁུངས་སོ་སོས་བསྡོམས་པས་རུས་ཐལ6887དུར་འཇུག་བྱས་པ་དང་། དེའི་ནང་རུས་ཐལ429མཚོ་དུར་དང་སྡོང་ཕུང་དུར་འཇུག་སོགས་སྐྱེ་ཁམས་དུར་འཇུག་བྱེད་སྟངས་སྤྱད་དེ་དུར་འཇུག་བྱས། མིག་སྔའི་བར་དུ། རྒྱལ་ཡོངས་ཀྱི་དུར་འཇུག་ཞབས་ཞུའི་ལས་ཁུངས་སུ་ཐོལ་བྱུང་བདེ་འཇགས་དོན་རྐྱེན་གཅིག་ཀྱང་མ་བྱུང་བ་དང་། དུར་མཆོད་བྱེད་སྒོ་བདེ་འཇགས་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་སྤེལ།
རིན་ཆེན་མཚོས་བསྒྱུར།