མཚོ་སྔོན་ཞིང་ཆེན་གྱི་གཞུང་གཉེར་སྨན་ཁང་བཅོས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དུས་རིམ་གསར་པར་སླེབས།
2025.04.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱི་གཞུང་གཉེར་སྨན་ཁང་བཅོས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་ལས་གཞིའི་ཞིང་ཆེན་དང་གྲོང་ཁྱེར་གྱི་གན་རྒྱ་འཇོག་པའི་མཛད་སྒོ་ཉེ་ཆར་འཚོགས།  ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་དམངས་སྨན་ཁང་། མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་། མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་། ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་། ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ནད་ཀྱི་ཆེད་ལས་སྨན་ཁང་། ཞིང་ཆེན་མི་དམངས་སྨན་ཁང་ལྔ་པ་བཅས་ཀྱིས་ཟི་ལིང་གྲོང་ཁྱེར་གྱི་གཞུང་གཉེར་སྨན་ཁང་བཅོས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་ལས་གཞིའི་སྐོར་གྱི་གྲོས་མཐུན་བཀོད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ཐེངས་ཀྱི་གན་རྒྱ་བཞག་ནས་མཉམ་ལས་བྱས་པ་དེའི་སྟེང་ནས། རང་ཞིང་གི་གཞུང་གཉེར་སྨན་ཁང་བཅོས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ“ཞིང་ཆེན་དང་གྲོང་ཁྱེར་མཉམ་འགུལ་དང་དཔེ་སྟོན་སྣེ་ཁྲིད”ཀྱི་དུས་རིམ་གསར་པར་སླེབས་པ་མངོན་པར་མཚོན་ཐུབ། ད་ཐེངས་ཀྱི་གན་རྒྱ་འཇོག་པའི་ལས་སྒོ་ནི་གཞུང་གཉེར་སྨན་ཁང་གི་བཅོས་སྒྱུར་ལས་དོན་སྔར་ལས་ཟབ་སྤེལ་གཏོང་བ་དང་། མཚོ་སྔོན་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། གན་རྒྱ་འཇོག་པའི་སྨན་ཁང་སོ་སོས་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་བློ་གྲོས་དང་ལྡན་པའི་སྨན་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་ཐད་ནས་བཤད་ན་གོ་སྐབས་གལ་ཆེན་ཞིག་ཀྱང་ཡིན།

གན་རྒྱ་འཇོག་པའི་མཛད་སྒོའི་སྟེང་དུ། སྨན་ཁང་སོ་སོའི་ཡོན་ཀྲང་གིས་བསྟུད་མུར་བཤད་རྒྱུར། གཞུང་གཉེར་སྨན་ཁང་གི་བཅོས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་ལས་གཞིའི་ཁྲོད་ནུས་ཤུགས་ཡོད་རྒུ་འདོན་རྒྱུའི་རྣམ་འགྱུར་བསྟན། ཞིང་ཆེན་མི་དམངས་སྨན་ཁང་གིས་སྙིང་ཁམས་ཁྲག་རྩའི་རིག་ཚན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། དཀའ་ཚེགས་ཆེ་བའི་ཀླད་སྙིང་ཁྲག་རྩའི་ནང་གནས་ཀྱི་གཤགས་བཅོས་ལས་སྒོ་སྤེལ་ཏེ། ཉེན་ཁ་ཆེ་བའི་ནད་རིགས་ཀྱི་སྨན་བཅོས་ནུས་པ་མངོན་སུམ་ཆེ་རུ་གཏོང་རྒྱུ་རེད། མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གིས“དྲ་སྦྲེལ་དང་རྒྱང་བསྟེན་སྨན་བཅོས། ཆེད་ལས་ཚན་ཁག་མནའ་འབྲེལ”བཅས་གཙོ་གནད་དུ་བཟུང་ནས། སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་གཏོང་རྒྱུར་སྐུལ་འདེད་བཏང་ནས། ནད་པ་སྔར་ལས་གང་མང་ཞིག་གིས་རང་གི་སྒོ་འགྲམ་དུ་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་འབད་ཀྱིན་ཡོད། ཞིང་ཆེན་གྱི་ཀླད་སྙིང་ཁྲག་རྩའི་ནད་རིགས་ཀྱི་ཆེད་ལས་སྨན་ཁང་གིས་ཁྲག་རྩ་དང་འབྲེལ་བའི་ནད་རིགས་སྨན་བཅོས་ལྟེ་གནས་བསྐྲུན་ནས། རིག་ཚན་མང་བའི་ཆེད་མཁས་ཚོགས་པ་བཙུགས་ནས་མཉམ་འབྲེལ་སྨན་བཅོས་བྱས་ཏེ། བརྟག་དཔྱད་བྱས་འབྲས་དང་སྨན་བཅོས་ཕན་འབྲས་ཆེ་རུ་གཏོང་རྒྱུ་རེད། མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གིས་དབང་རྩའི་རིག་ཚན་གྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་བསྣན་ནས། སྔོན་ཐོན་གྱི་དབང་རྩའི་ཞིབ་དཔྱད་ཚད་ལེན་སྒྲིག་ཆས་ནང་འདྲེན་བྱས་ཏེ། ལས་ཁུངས་ལེགས་གྲས་བར་མཉམ་ལས་བྱས་ནས། འཇོན་མི་གསོ་སྐྱོང་བྱ་རྒྱུར་ཤུགས་བསྣན། ཞིང་ཆེན་མི་དམངས་སྨན་ཁང་ལྔ་པས་སྐྲན་ནད་སྨན་བཅོས་བྱེད་ནུས་ཆེ་རུ་གཏོང་བ་དང་སྨན་བཅོས་ཞབས་ཞུའི་གྲུབ་ཆ་ལེགས་སྒྲིག་བྱེད་པར་སྐུལ་འདེད་བཏང་ནས། སྨན་ཁང་དུ་སྡོད་པའི་གོ་རིམ་སྔར་ལས་ཇེ་ལེགས་སུ་བཏང་སྟེ། ནད་པའི་སྨན་བསྟེན་མྱོང་ཚོར་མཐོ་རུ་གཏོང་རྒྱུ་རེད། ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་གིས་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་སྨན་བཅོས་ལྟེ་གནས་བསྐྲུན་ནས། བྱིས་པའི་དཀའ་ཁག་ཆེ་བའི་ནད་རིགས་ཀྱི་རིག་ཚན་མང་བའི་སྨན་བཅོས་མ་ལག་འཐུས་ཚང་དུ་བཏང་ནས་བུད་མེད་དང་བྱིས་པའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུ་རེད།

ལས་གཞི་བདེ་བླག་ངང་ལག་བསྟར་ཡོང་བར་འགན་ལེན་བྱེད་ཆེད། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་མཉམ་དུ་ལྟ་སྐུལ་ལམ་སྲོལ་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། དུས་བཅད་ལྟར་སྨན་ཁང་སོ་སོའི་ལས་གཞིའི་མྱུར་ཚད་དང་སྤུས་ཚད་ཕན་འབྲས་བཀོད་གཏོང་བྱས་ཏེ། ལས་གཞི་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱས་ནས། ཟི་ལིང་གྲོང་ཁྱེར་གྱི་གཞུང་གཉེར་སྨན་ཁང་བཅོས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་ལས་གཞིར་འགན་ལེན་བརྟན་པོ་མཁོ་འདོན་བྱ་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།