མཚོ་སྔོན་ཞིང་ཆེན་གྱི་དུར་མཆོད་དུས་ཆེན་གྱི་ངལ་གསོའི་སྐབས་སུ་མེ་འགོག་བདེ་འཇགས་གནས་སྟངས་སྤྱིའི་ཆ་ནས་བརྟན་པོ་ཡིན།
2025.04.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

དུར་མཆོད་དུས་ཆེན་གྱི་ངལ་གསོའི་སྐབས་སུ། མཚོ་སྔོན་ཞིང་ཆེན་མེ་འགོག་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ནུས་ཤུགས་ཡོད་རྒུས་བདེ་འཇགས་སྔོན་འགོག་དང་འཕྲལ་བསྟུན་ཐག་གཅོད་ཀྱི་ལས་དོན་ཁག་ཡག་པོར་བསྒྲུབས་ནས། ངལ་གསོའི་སྐབས་ཀྱི་བདེ་འཇགས་གནས་སྟངས་བརྟན་པོ་ཡོང་བར་འགན་ལེན་བྱས། ཟླ4པའི་ཚེས6ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་བར་དུ། ཞིང་ཆེན་ཡོངས་ཀྱི་མེ་འགོག་བདེ་འཇགས་གནས་བབ་སྤྱིའི་ཆ་ནས་བརྟན་པོ་ཡིན་པ་དང་། མི་ཤི་བ་དང་མེ་སྐྱོན་གྱི་དོན་རྐྱེན་ཚབས་ཆེན་གྱི་རིགས་གཅིག་ཀྱང་བྱུང་མེད།

ངལ་གསོའི་སྐབས་སུ། མེ་འགོག་མེ་གསོད་སྡེ་ཁག་གིས་མེ་སྐྱོན་གྱི་ཉེན་ཁའི་མངོན་མེད་ཉེན་ཁར་འགུལ་རྣམ་དབྱེ་ཞིབ་དང་ཞིབ་དཔྱད་གནད་དུ་འཁེལ་བ་བྱས་ནས། དམིགས་འབེན་རང་བཞིན་ལྡན་པའི་སྒོ་ནས་མེ་འགོག་མེ་གསོད་བདེ་འཇགས་སྔོན་འགོག་ལས་དོན་ལ་བཀོད་སྒྲིག་བྱས། དུས་ཆེན་གྱི་སྐབས་སུ། མེ་འགོག་མེ་གསོད་བདེ་འཇགས་ཀྱི་ཉེན་ཁའི་ཞིབ་བཤེར་བཅོས་སྒྲིག་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ཁྲོད་ཀྱི་སྤྱིའི་བང་སོ་དང་བང་སོའི་སྐྱེད་ཚལ། དགོན་པ། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་ཀྱི་ས་གནས་ལ་མེ་འགོག་བདེ་འཇགས་ཀྱི་སྐོར་ནས་ཞིབ་བཤེར་བྱས་ཏེ། གནས་དེ་དག་གི་མེ་གསོད་སྒྲིག་ཆས་ལེགས་པོ་ཡོད་མེད་དང་མེ་གསོད་ལས་རེས་མི་སྣ་ལས་གནས་སུ་ཡོད་མེད། སྒྲིག་འགལ་གྱིས་མེ་ཤོར་བའི་གནས་ཚུལ་ཡོད་མེད་སོགས་ཀྱི་གནས་ཚུལ་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱས། བསྡོམས་རྩིས་བྱས་པ་ལྟར་ན། ཞིང་ཆེན་ཡོངས་སུ་ཁྱོན་བསྡོམས་ལས་ཁུངས106ལ་ཞིབ་བཤེར་བྱས་པ་དང་། མེ་སྐྱོན་གྱི་རྐྱེན་ངན83ཤེས་རྟོགས་བྱུང་བ་དང་། མེ་སྐྱོན་གྱི་རྐྱེན་ངན186བཅོས་སྒྲིག་བྱས་པར་མ་ཟད། སྲིད་འཛིན་ཆད་གཅོད་ཀྱི་ཆོད་དོན་ཡི་གེ8སྤྲད།

རྒྱུས་ལོན་བྱུང་བ་ལྟར་ན། ངལ་གསོའི་སྐབས་སུ། མེ་འགོག་མེ་གསོད་རོགས་སྐྱོབ་དཔུང་སྡེ་ཡིས་ཁྱོན་བསྡོམས་ཉེན་བརྡ61དང་ལེན་བྱས་པའི་ནང་། མེ་སྐྱོན་གྱི་ཉེན་བརྡ51དང་ཉེན་སྐྱོབ་རོགས་སྐྱོབ་ཐེངས10ཡོད། མེ་འགོག་མེ་གསོད་རོགས་སྐྱོབ་མི་སྣ་མི་ཐེངས689དང་མེ་འགོག་མེ་གསོད་རོགས་སྐྱོབ་རླངས་འཁོར་ཐེངས159བཏང་ཡོད། ས་གནས་ཁག་ཏུ་མེ་སྐྱོན་མ་བྱུང་བའི་སྔོན་གྱི་ལས་སྒྲུབ་ས་ཚིགས14བཙུགས་པ་དང་། ལས་སྒྲུབ་མི་སྣ71དང་མེ་གསོད་རླངས་འཁོར16མངགས་གཏོང་བྱས་ཏེ། གཙོ་གནད་ས་ཁོངས་སུ་སྐོར་སྐྱོད་སྐོར་འགོག་དང་ཡུལ་དངོས་ནས་ལྟ་སྐྱོང་དོན་འཁྱོལ་བྱས་པ་དང་མཉམ་དུ། ས་གནས་སོ་སོའི་མེ་འགོག་མེ་གསོད་རོགས་སྐྱོབ་སྡེ་ཁག་གིས་ད་དུང་དྲིལ་སྒྲོག་མི་སྣ་མངགས་ནས། དཔལ་ཡོན་ལྡན་པའི་སྒོ་ནས་མཆོད་འབུལ་བྱེད་པ་དང་མེ་ཡི་མཆེད་ཁུངས་རི་བོའི་སྟེང་དུ་སྤེལ་བ་སོགས་ཀྱི་གནས་སྟངས་ལ་དྲིལ་སྒྲོག་བྱེད་སྒོ་སྤེལ་ནས་གཏན་འགོག་བྱས་ལ། རིམ་པ་སོ་སོའི་སྨྱན་བྱད་གསར་པའི་སྟེགས་བུ་སྤྱད་དེ། དུར་མཆོད་དུས་ཆེན་གྱི་མེ་གསོད་བདེ་འཇགས་དྲན་སྐུལ་དང་དཔལ་ཡོན་ལྡན་པའི་སྒོ་ནས་དུར་མཆོད་བྱེད་དགོས་པའི་སྐོར་གྱི་དྲིལ་སྒྲོག་སྤྱི་ཕན་བརྡ་ཁྱབ་སྤེལ། 

བན་དེ་སྐྱབས་ཀྱིས་བསྒྱུར།