མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས2025ལོའི་ཚོང་འགུག་དངུལ་འདྲེན་ལས་གཞིའི་གསོག་མཛོད་བཙུགས།
2025.04.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་གནས་བཞི་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོ་དང་ལྗང་མདོག་རྩིས་ནུས་ཀྱི་འགྲན་ལམ་གསར་བར་དམིགས་ནས། ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་གྲོང་ཁྱེར་དང་ཁུལ་སོ་སོའི་ལས་ཁུངས་དང་མཉམ་དུ2025ལོའི་ཞིང་ཆེན་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་ལས་གཞིའི་གསོག་མཛོད་ཇུས་འགོད་བྱས་ནས་བཙུགས་པ་དང་། དེའི་ནང་ལྗང་མདོག་རྩིས་ནུས་དང་དག་གཙང་ནུས་ཁུངས། རྒྱུ་ཆས་གསར་བ། སྒྲིག་ཆས་བཟོ་སྐྲུན་སོགས་ཐོན་ལས་ཆེན་པོ་བཅུའི་ཁྱབ་ཁོངས་ཀྱི་ཉར་གསོག་ལས་གཞི་བཞི་བརྒྱ་དང་བརྒྱད་ཅུ་ལྷག་འདུ་ལ། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་རོགས་ལས་སོགས་ཀྱི་རྐྱེན་སྲོལ་བཀོལ་སྤྱོད་བཟང་བོ་བྱས་ཏེ། ཚན་རྩལ་གྱི་འདུས་ཚད་མཐོ་བ་དང་སྣེ་ཁྲིད་ཀྱི་ཕན་ནུས་ཆེ་བ། ཕྲེང་འབྲེལ་རྒྱུན་སྲིང་གི་ནུས་པ་བཟང་བའི་སྤུས་ལེགས་ལས་གཞི་ནང་འགུག་བྱས་པ་དང་། སྲོལ་རྒྱུན་ཐོན་ལས་སྐབས་བརྗེ་རིམ་སྤོར་བྱེད་པ་དང་གསར་དར་ཐོན་ལས་འདུ་རུབ་ཤུགས་གྲུབ་བྱེད་པ། མ་འོངས་ཐོན་ལས་ཀྱི་མདུན་ལྗོངས་གྲུབ་ཚུལ་བཅས་ཟུང་འབྲེལ་བྱས་པའི་ལངས་གཟུགས་ཅན་གྱི་ཚོང་འགུག་མ་ལག་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་རྒྱུན་མཐུད་ངང་ནུས་འདོན་ཤུགས་བསྒྲིལ་བྱས།

དག་གཙང་ནུས་ཁུངས་ཐོན་སྐྱེད་དང་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་ཀྱི་ཕྲེང་འབྲེལ་སྟོབས་ལྡན་དུ་བསྒྱུར་བར་དམིགས་ནས། ཀལ་ཐེ་གཏེར་ཁའི་ཉི་འོད་ནུས་པའི་གློག་རྫས་དང་ཤོང་ཚད་མཐོ་བའི་གསོག་ནུས། ལིས་གློག་རྒྱུ་ཆས་གསར་བའི་གཞི་གཅིག་ཅན། ནཱ་རྡུལ་གློག་རྫས་སོགས་གསར་དར་ཁྱབ་ཁོངས་ཀྱི་ལས་གཞི་སྐོར་ཞིག་ཇུས་འགོད་ནང་འདྲེན་བྱས་པ་དང་། རླུང་ནུས་དང་འོད་ནུས། གསོག་ནུས། ཆིང་རླུང་། རྩིས་ནུས་བཅས་ཀྱི་མཉམ་བསྲེས་ཐོན་ལས་ཕྲེང་འབྲེལ་འཛུགས་པར་ཤུགས་བཏོན་ནས། ཟི་ལིང་དང་མཚོ་ལྷོ་དང་མཚོ་ནུབ་ཀྱི་ཁྲག་ཁྲིག་རིམ་པའི་དག་གཙང་ནུས་ཁུངས་ཀྱི་བར་ཁྱམས་གསར་སྐྲུན་བྱས།

ཅཱ་དང་ནཱ། མཱེ། ལིས། ཁིལ་བཅས་ཐོན་ལས་ཆེན་པོ་ལྔའི་འདུ་ཚོགས་སྟོབས་ལྡན་འཛུགས་པར་དམིགས་ནས། ལྕགས་རིགས་ནཱ་དང་ཞོར་ཐོན་གཤེར་ཁིལ་ཐོན་སྐྱེད། ལྕགས་རིགས་ལིས་ཀྱི་ནུས་པ་ཆེར་སྐྱེད་པ། མཉམ་བསྲེས་ལྕགས་རིགས་མཱེ་དང་། ཅཱ་མེ་པོར་གསུམ་གྱི་རྒྱུ་ཆས་གསར་བའི་འགག་སྒྲོལ་སོགས་འཁོར་རྒྱུག་དཔལ་འབྱོར་གྱི་ཐོན་ལས་ལས་གཞི་སྐོར་ཞིག་ཇུས་འགོད་དང་ནང་འགུག་བྱས་པ་དང་། ཅཱ་ལུད་བརྟན་ཐོན་འགན་སྤྲོད་དང་ནཱའི་ཐོན་ཁུངས་སྐས་རིམ་བེད་སྤྱོད་སོགས་སྲོག་ཤིང་དུ་བྱས་པའི་གནས་ལྔ་གཞི་གཅིག་གི་འཕེལ་རྒྱས་མ་ལག་གྲུབ་པར་བྱས།

སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པར་དམིགས་ནས། སྐྱེ་ཁམས་གནས་སྐོར་དང་རིག་གནས་གསར་་གཏོད། ཉམས་ལེན་ལྟ་སྐོར། སྤྲོ་གསེང་ཁམས་གསོ་སོགས་རིག་གནས་གནས་སྐོར་གྱི་མཉམ་བསྲེས་ལས་གཞི་སྐོར་ཞིག་ཇུས་འགོད་དང་ནང་འགུག་བྱས་པ་དང་། རྨང་གཞི་སྒྲིག་ཆས་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་བ་དང་ཐོན་ལས་མ་ལག་ཕུན་སུམ་ཇེ་ཚོགས་སུ་བཏང་ལ། ཡུལ་གནས་གསར་སྐྲུན་དང་སྦྲེལ་མཐུད་བྱས་པ་བརྒྱུད་དེ། གནས་སྦྲེལ་ཐིག་གྲུབ་དང་ཐིག་སྦྲེལ་ཁུལ་གྲུབ་བྱས་པ་དང་།  གནས་སྐོར་ལམ་ཐིག་འཐུས་ཚང་དུ་བཏང་སྟེ། སྐྱེ་ཁམས་གནས་སྐོར་དང་རིག་གནས། འགྲིམ་འགྲུལ་སོགས་ཞབས་ཞུ་ལས་རིགས་མཉམ་བསྲེས་མཉམ་འགུལ་གྱིས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།

མཚོ་སྔོན་རྟགས་མའི་ཁྱད་ལྡན་ཚོང་རྟགས་བསྐྲུན་པར་དམིགས་ནས། འཁྱག་གྲང་སྔོ་ཚལ་ཐོན་སྐྱེད་དང་རིག་སྟོབས་ཞིང་ལས་དཔེ་སྟོན། མཐོ་སྒང་གི་སྐྱེ་ལྡན་ཟས་རིགས་ལས་སྣོན། སྐྱེ་ཁམས་ཕྱུགས་ར་འཛུགས་སྐྲུན། སེ་མང་ཞིང་ཞོར་ཐོན་རྫས་ལས་སྣོན་སོགས་ཁྱད་ལྡན་སྤུས་ལེགས་ལས་གཞི་སྐོར་ཞིག་ཇུས་འགོད་དང་ནང་འདྲེན་བྱས་པ་དང་། ནོར་གནག་དང་བོད་ལུག འཕང་འབྲས། ཆུ་འཁྱག་ཉ་བཅས་ཀྱི་ཐེར་ཆེན་རིམ་པའི་ཐོན་ལས་འདུ་ཚོགས་འཛུགས་སྐྲུན་བྱས་ཏེ། རྒྱལ་ཁབ་ཕྱི་ནང་ལ་གྲགས་པའི་ལྗང་མདོག་སྐྱེ་ལྡན་དང་མཐོ་རིམ་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་སྐྱེད་བྱེད་ས་གསར་སྐྲུན་བྱས།

ལྗང་མདོག་རྩིས་ནུས་སྣེ་ཁྲིད་དུ་བྱས་པའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱེད་པར་དམིགས་ནས། ལྗང་གློག་རིག་རྩིས་དང་ཐཱན་མེད་རྩིས་ནུས། མིས་བཟོས་རིག་ནུས། གཞི་གྲངས་རྟགས་རྒྱག་སོགས་མདུན་གྲལ་གྱི་ལག་རྩལ་ལས་གཞི་སྐོར་ཞིག་ཇུས་འགོད་དང་ནང་འདྲེན་བྱས་པ་དང་། རྒྱལ་ཁབ་ཀྱི་ལྗང་མདོག་རྩིས་ནུས་ཞབས་ཞུའི་གདོང་ལེན་ཁུལ་འཛུགས་པ་དང་ལྗང་མདོག་རྩིས་གློག་མཉམ་སྡེབ་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་མྱུར་དུ་འཛུགས་སྐྲུན་བྱེད་པ། གཞི་གཅིག་ཅན་གྱི་རྩིས་ནུས་དྲ་རྒྱའི་ནུབ་རྒྱུད་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པ། གཞི་གྲངས་རྒྱུ་རྐྱེན་གཙོ་བོའི་འཁོར་རྒྱུག་བེད་སྤྱོད་ཀྱི་གསར་གཏོད་ཁུལ་འཛུགས་སྐྲུན་བྱེད་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞི་གྲངས་ཀྱི་རྨང་འདིང་པའི་ཐད་མཚོ་སྔོན་གྱི་སྟོབས་ཤུགས་ཕུལ།

རིན་ཆེན་མཚོས་བསྒྱུར།