རྨ་ལྷོ་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་བྱུང་།
2025.04.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

གསར་འགོད་པས་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ནས་རྒྱུས་ལོན་པ་ལྟར་ན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དུས་ཚིགས་དང་པོར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར2དང་བྱེ་བ1ས་ཡ8བཏང་ལ།  ལོ་ཧྲིལ་བོའི་དངུལ་གཏོང་འཆར་གཞིའི་དམིགས་འབེན་འགན་ཁུར་སྒོར་ཐེར་འབུམ2དང་དུང་ཕྱུར8བྱེ་བ2ས་ཡ5ཡི་བརྒྱ་ཆའི7ལྷག་ཟིན་ཡོད།  ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དམིགས་ཚད་རྒྱུན་མཐུད་ངང་འཕེལ་རྒྱས་སུ་སོང་བ་དང་།   མང་ཚོགས་ཕྱི་རུ་བསྐྱོད་པའི་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་བཏང་ལ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱུང་།

གྲོང་གསེབ་དར་སྤེལ་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། རྨ་ལྷོ་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་གཏིང་ཟབ་སྒོས་ཞིབ་འཇུག་བྱས་པ་བརྒྱུད། འགྲིམ་འགྲུལ་གྱིས་རྨང་གཞིའི་སྒྲིག་ཆས་དང་ལྗང་མདོག་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་དང་།  གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་བྱ་བ་དེ་ལས་རིགས་ཀྱི་ནུས་ཁུངས་གསར་བའི་རླངས་འཁོར་ཁྱབ་བརྡལ་བེད་སྤྱོད་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་པ་དང་།  འགྲིམ་འགྲུལ་སྐྱེལ་འདྲེན་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་།  མིག་སྔར།  རྨ་ལྷོ་ཁུལ་དུ་འགྲུལ་སྐྱེལ་རླངས་འཁོར944ཡོད་པ་དང་།  དེའི་ནང་ནུས་ཁུངས་གསར་པའི་རླངས་འཁོར265ཡོད་པས།   བརྒྱ་ཆའི28ལྷག་ཟིན་ལ།  ཁུལ་ཡོངས་ཀྱི་ལྗང་མདོག་འགྲིམ་འགྲུལ་ཆུ་ཚད་སྐས་རིམ་གསར་བར་སླེབས།  དེར་མ་ཟད།  ཐུན་རིན་གྲོང་ཁྱེར་ནས་རྩེ་ཁོག་རྫོང་བར་མང་ཚོགས་འགྲོ་འོང་དཀའ་བ་དང་། འགྲོ་འོང་བདེ་འཇགས་མིན་པར་དམིགས་ཏེ།  རྨ་ལྷོ་ཁུལ་འགྲིམ་འགྲུལ་སྡེ་ཁག་གིས་གཏིང་ཟབ་སྒོས་ཞིབ་འཇུག་དང་སེམས་ཞིབ་མོས་གྲ་སྒྲིག་བྱས་པ་བརྒྱུད།  མི་བདུན་ཤོང་བའི་འགྲུལ་སྐྱེལ་རླངས་འཁོར24བཀོད་སྒྲིག་བྱ་རྒྱུའི་འཆར་གཞི་ཡོད་པ་དང་།  སྔོན་དཔག་ལྟར་ན་ཟླ5པའི་ཟླ་མཇུག་ནས་དངོས་སུ་ཐུན་རིན་ནས་རྩེ་ཁོག་བར་ལམ་ཐིག་གཏན་འཁེལ་བྱས་ཏེ་འགྲུལ་སྐྱེལ་ཞབས་ཞུ་མཁོ་འདོན་བྱས་ནས།  ནུས་ཤུགས་ཡོད་རྒུས་མང་ཚོགས་འགྲོ་འོང་བྱེད་པར་འགན་སྲུང་བྱ་རྒྱུ་རེད།

ཏིང་འཛིན་མཚོ་མོས་བསྒྱུར།