མཚོ་སྔོན་ཞིང་ཆེན་གྱི་ལྕགས་ལམ་དང་གནམ་ཐང་གི་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།
2025.04.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་གནས་ཚུལ་བསྒྲགས་པ་ལྟར་ན། ལས་གཞི་གལ་ཆེན་གྱི་མ་དངུལ་བརྟན་གཏོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་ཁྲིད་སྟོན་ནུས་པ་སྔར་ལས་འདོན་སྤེལ་བྱེད་ཆེད། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་སྲིད་གཞུང་གི་དུས་ཚིགས་དང་པོའི་བཀོད་སྒྲིག་བླང་བྱ་ལྟར། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག ལས་ཁུངས་དང་མཉམ་དུ་ལས་གཞི་དམ་འཛིན་དང་དངུལ་གཏོང་ལ་སྐུལ་འདེད་བཏང་བ་དང་། གཅིག་འདོམས་མཐུན་སྦྱོར་དང་གཙོ་གནད་འགག་སྒྲོལ་ལ་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་ལྕགས་ལམ་དང་གནམ་གྲུ་ཐང་གི་ལས་གཞི་འཛུགས་སྐྲུན་བྱེད་པར་བརྟན་བརླིང་སྒོས་སྐུལ་འདེད་བཏང་། 

ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་ལྕགས་ལམ་དང་གནམ་གྲུ་ཐང་གི་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པར་དམིགས་ནས། ལས་མགོ་བསྐྱར་ཚུགས་ཀྱི་ཇུས་གཞི་རྩ་འཛུགས་བཀོད་སྒྲིག་བྱས་པ་དང་། ལས་གཞི་སོ་སོ་ཡང་བསྐྱར་ལས་མགོ་རྩོམ་པའི་དུས་ཚོད་རེའུ་མིག་གཏན་འཁེལ་བྱས་ཏེ། ལས་གཞི་བཟོ་སྐྲུན་འཛུགས་སྐྲུན་དོ་དམ་གྱི་མ་ལག་འཆར་འགོད་དང་བྱེ་བྲག་གི་མཛུབ་སྟོན་ལ་ཤུགས་བསྣན། ས་གནས་སྲིད་གཞུང་དང་ལས་རིགས་དོ་དམ་སྡེ་ཁག་བཅས་ཀྱིས་མགྱོགས་མྱུར་ངང་ལས་མགོ་བསྐྱར་ཚུགས་ཀྱི་འགྲོ་ལུགས་བསྒྲུབས་པར་མཐུན་སྦྱོར་བྱས་པ་དང་། རྒྱུ་རྐྱེན་འགན་སྲུང་སྣ་ཚོགས་ལ་མུ་མཐུད་དུ་ཤུགས་བསྣན་ནས། ཟི་ལིང་གནམ་གྲུ་ཐང་གི་དུས་རིམ་གསུམ་པའི་རྒྱ་སྐྱེད་འཛུགས་སྐྲུན་ལས་གཞི་དང་། ཟི་ལིང་དང་ཁྲིན་ཏུའུ་བར་གྱི་ལྕགས་ལམ།   ན་གོར་མོ་གྲོང་ཁྱེར་ནས་ཞིན་ཅང་ཁུའུ་ཨར་ལེ་གྲོང་ཁྱེར་བར་གྱི་ལྕགས་ལམ་རྒྱ་སྐྱེད་འཛུགས་སྐྲུན་ལས་གཞི་སོགས་ལས་གཞི་གལ་ཆེན་སྐོར་ཞིག་ཟླ་གསུམ་པའི་ཟླ་མགོར་ལས་མགོ་ཚུགས། 

འབྲེལ་ཡོད་སྡེ་ཁག་དང་ས་གནས་སྲིད་གཞུང་དང་མཉམ་དུ། ཡུལ་དངོས་ལས་སྒྲུབ་རྣམ་པས་ས་ཞིང་བསྡུས་ནས་གནས་སྤོ་བ་དང་ལས་རིགས་སྤོ་སྒྱུར་བྱེད་སྐབས་འཕྲད་པའི་དཀའ་ཁག་དང་གནད་དོན་ཐག་གཅོད་བྱས་པ་དང་། ལས་གཞི་འཛུགས་སྐྲུན་ལ་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བར་ཁག་ཐེག་བྱས། མིག་སྔར། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་གྱི་མཚོ་སྔོན་ས་མཚམས་ཀྱི་ཕུག་ལམ་བཅུ་དྲུག་ལས་ཕུག་ལམ་བདུན་འགྲུབ་པ་དང་། ཕུག་ལམ་གཞན་པ་དག་མུ་མཐུད་དུ་རྐོ་བཞིན་ཡོད་ལ། འཆར་གཞི་ལྟར་ཟམ་པ་དང་གཞུང་ལམ་ལས་གཞིར་སྐུལ་འདེད་བཏང་ཞིང་། དཔའ་ལུང་དང་གཅན་ཚ། རེབ་གོང་བཅས་ས་ཚིགས་ཀྱི་ལས་གཞིའི་འཆར་གཞི་ད་ལོའི་ཟླ་བཞི་པ་ནས་བཟུང་དངོས་སུ་མགོ་བརྩམས། ཟི་ལིང་གི་སྒུལ་འཁོར་ཁང་རྒྱ་སྐྱེད་འཛུགས་སྐྲུན་ལས་གཞིའི་ཐོག་མའི་ཇུས་འགོད་ཞིག་གསོ་ཞིབ་བཤེར་ལས་ཀ་ལེགས་འགྲུབ་བྱུང་བ་དང་། རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ལ་ཆོག་མཆན་འགོད་པར་སྤྲད། ན་གོར་མོ་གྲོང་ཁྱེར་ནས་ཁུའུ་ཨར་ལེ་གྲོང་ཁྱེར་བར་གྱི་ལྕགས་ལམ་རྒྱ་སྐྱེད་འཛུགས་སྐྲུན་ལས་གཞིའི་འབབ་ཚིགས་ཉི་ཤུ་ཁ་སྣོན་བྱེད་པའི་བཟོ་སྐྲུན་ལས་འགན་གཙོ་བོ་ཡོངས་སུ་འགྲུབ་པ་དང་། ཁང་བ་འཛུགས་སྐྲུན་སོགས་མཇུག་བསྡུའི་ལས་གཞིར་སྐུལ་འདེད་བཏང་། 

ལྕགས་ལམ་དང་གནམ་གྲུ་ཐང་གི་ལས་གཞི་གལ་ཆེན་གྱི་བདེ་འཇགས་དོ་དམ་དང་བཀོད་གཏོང་དོ་དམ་ལ་མུ་མཐུད་དུ་ཤུགས་བསྣན་ནས། ལས་གཞི་བདེ་འཇགས་དང་ནུས་མཐོ་སྒོས་བསྒྲུབས་པར་ཁག་ཐེག་བྱས། དོ་དམ་གསུམ་དང་ངེས་པར་གསུམ་གྱི་བླང་བྱ་ལྟར། ལས་གཞི་འཛུགས་སྐྲུན་སྡེ་ཁག་གིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་འདེད་བཏང་བ་དང་། ལས་གཞི་སོ་སོའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། སྔོན་ལ་ཞིབ་གཅོད་དང་སྔ་ས་ནས་ཐག་གཅོད། གནད་དོན་གཅིག་སྡུད་དང་མི་འདང་སར་ཁ་གསབ་བཅས་བྱས་པ་དང་། དུས་ཐོག་ཏུ་ཉེན་ཁའི་མི་མངོན་པའི་རྐྱེན་ངན་རིགས་སྣ་ཚོགས་སེལ་ཐབས་བྱས། ལོ་ཧྲིལ་བོའི་ལས་འགན་དམིགས་འབེན་ལྟར། གཙོ་གནད་འབུར་ཐོན་དང་གནད་འཁེལ་ཤུགས་འདོན་བྱས་པ་དང་། ཕྱོགས་ཡོངས་ནས་ལས་གཞི་འཛུགས་སྐྲུན་གྱི་སྤུས་ཀ་ཇེ་ལེགས་དང་ནུས་པ་ཇེ་ཆེར་འགྲོ་བར་སྐུལ་འདེད་བཏང་ཞིང་། ལྷག་པར་དུ་ད་ལོར་འཛུགས་སྐྲུན་ལེགས་འགྲུབ་བྱས་ནས་སྐྱེལ་འདྲེན་བྱེད་པའི་ལས་གཞི་དེ་ཟི་ལིང་གནམ་གྲུ་ཐང་གི་དུས་རིམ་གསུམ་པའི་རྒྱ་སྐྱེད་འཛུགས་སྐྲུན་ལས་གཞི་དང། ན་གོར་མོ་གྲོང་ཁྱེར་ནས་ཁུའུ་ཨར་ལེ་གྲོང་ཁྱེར་བར་གྱི་ལྕགས་ལམ་རྒྱ་སྐྱེད་འཛུགས་སྐྲུན་ལས་གཞིར་དམིགས་ཏེ། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ལས་གཞི་འཛུགས་སྐྲུན་སྡེ་ཁག་བར་མཐུན་སྦྱོར་བྱས་ནས་ལས་ཡུན་ཐུང་བ་དང་ལས་འགན་ལྕི་བའི་དངོས་ཡོད་དཀའ་གནད་ཁྱད་བསལ་བྱས་པ་དང་། ལས་གཞིའི་མྱུར་ཚད་དང་ལས་སྐྲུན་སྤུས་ཀ་གཉིས་གཅིག་འདོམས་དམ་འཛིན་ལེགས་པོ་བྱས་ལ། དུས་ཡུན་ལྟར་ལས་གཞི་ཡོངས་འགྲུབ་བྱས་ནས་བེད་སྤྱོད་གཏོང་བར་རྨང་གཞི་བརྟན་པོ་བཏིངས།

ལྷ་མོ་འཚོས་བསྒྱུར།