མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་འགན་སྲུང་བྱས།
2025.04.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཟླ4ཚེས7ཉིན། གསར་འགོད་པས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2021ལོ་ནས་བཟུང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གིས་བདེ་འཇགས་འཛུགས་སྐྲུན་གྱི་དམིགས་འབེན་ལ་དམ་དུ་དམིགས་ནས། ཁྲིམས་འཛུགས་བྱ་བ་དང་སྤྱི་ཚོགས་བཅོས་སྐྱོང་། སྤྱི་ཚོགས་བརྟན་འཇགས་དང་མི་དམངས་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་པ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ཏེ། སྔར་ལས་ཆུ་ཚད་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཐད་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱས།

གཙོ་གནད་ཁྲིམས་འཛུགས་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། ཁྲིམས་འཛུགས་ཀྱི་གནད་ཕིགས་ཁ་ཕྱོགས་ལ་རྒྱུས་ལོན་བྱས་པ་བརྒྱུད་དེ།  ཞིང་ཆེན་ཏང་ཨུའི་ཇུས་ཆོད་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་བླང་བྱ་ཁྲིམས་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་པ་དང་། སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་ལས་རོགས་མི་སྣའི་དོ་དམ་སྲོལ་ཡིག་གཏན་འབེབས་བྱེད་པར་རམ་འདེགས་བྱས་ལ། ཉེན་རྟོག་ལས་རོགས་པའི་དཔུང་སྡེར་དོ་དམ་བྱེད་པའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་བཏང་།  མཚོ་སྔོན་ཞིང་ཆེན་གྱི་དུག་འགོག་སྲོལ་ཡིག་ཕྱིར་བཏོན་ནས། དུག་འགོག་བྱ་བ་ཕྱོགས་ཡོངས་ནས་ཁྲིམས་སྐྱོང་ཅན་གྱི་རྒྱུན་སྲོལ་དུ་ཞུགས་སུ་བཅུག མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་བདེ་འཇགས་ཀྱི་དོན་བྱ་དང་འབྲེལ་བའི་འཛུགས་སྐྲུན་རྣམ་གྲངས་ཀྱི་དོ་དམ་སྲོལ་ཡིག་ཕྱིར་བཏོན་ནས། རྒྱལ་ཁབ་བདེ་འཇགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱས།

ཁྲིམས་འཛུགས་ལ་གཅིག་འདོམས་བྱེད་པའི་ཕྱོགས་ནས། འཛུགས་བཅོས་རྩིས་མེད་མཉམ་དུ་སྤེལ་བར་རྒྱུན་འཁྱོངས་བྱས་པ་དང་། ལྟ་ཞིབ་ཁྲིམས་འཛིན་ཁྱབ་ཁོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་ཕྱོགས་ཡོངས་ནས་དབྱེ་གསེད་བྱས།  མཚོ་སྔོན་ཞིང་ཆེན་གྱི་ལས་ཐོག་ཉེས་གསོག་སྔོན་འགོག་བྱེད་པའི་བྱ་བའི་སྲོལ་ཡིག་སོགས་ཁྲིམས་སྲོལ་མེད་པར་བཟོས་པ་དང་། དེ་དང་མཉམ་དུ། བཅའ་ཁྲིམས་རོགས་སྐྱོར་སོགས་ཁྲིམས་སྲོལ་གསར་སྒྱུར་བྱེད་པར་སྐུལ་འདེད་བཏང་བ་དང་། ཁྲིམས་སྲོལ་གྱི་གྲོས་གཞི་མང་པོར་ཞིབ་བཤེར་དང་བཟོ་བཅོས་བྱས་ཏེ། ཁྲིམས་ལུགས་ཀྱི་གཅིག་གྱུར་དང་དབང་ཟིལ་ལ་སྲུང་སྐྱོང་ནུས་ལྡན་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གིས་ད་དུང་གྲོང་ཁྱེརདང་ཁུལ་གྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བདེ་འཇགས་འཛུགས་སྐྲུན་གྱི་ཁྲིམས་འཛུགས་ཕྱོགས་ནས་སྔོན་དུ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་། མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བདེ་འཇགས་འཛུགས་སྐྲུན་སྲོལ་ཡིག་ལ་ཞིབ་བཤེར་བྱས་ནས་ཆོག་མཆན་བཀོད་དེ། ས་གནས་གཉིས་ཀྱིས་ཁྱད་ཆོས་ལྡན་པའི་བདེ་འཇགས་འཛུགས་སྐྲུན་བྱ་བའི་རྣམ་པ་དང་ལམ་ལུགས་མ་ལག་གསར་སྐྲུན་བྱེད་པར་རམ་འདེགས་བྱས།

ཞིང་ཆེན་དམངས་ཆེན་ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། ང་ཚོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཐོག་བཤེར་འགན་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། ལྟ་ཞིབ་ཁྲིམས་འཛིན་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་བྱ་བ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ལ། མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་སྲོལ་ཡིག་དང་མཚོ་སྔོན་ཞིང་ཆེན་གྱི་བཅའ་ཁྲིམས་རོགས་སྐྱོར་གྱི་གཏན་འབེབས་འགའ་ཞིག་གི་ཐོག་མའི་ཞིབ་བཤེར་བྱ་བ་བཟང་བོར་བསྒྲུབས་པ་དང་། མཚོ་སྔོན་ཞིང་ཆེན་ཀྱི་བདེ་འཇགས་འཛུགས་སྐྲུན་སྲོལ་ཡིག་གི་ཁྲིམས་འཛུགས་རྟོག་ཞིབ་སྤེལ་ལ། བདེ་འཇགས་འཛུགས་སྐྲུན་བྱ་བའི་མཉམ་ཤུགས་ཇེ་ཆེར་གཏོང་བའི་རྐྱེན་སྲོལ་ལ་ཞིབ་འཇུག་ཟབ་མོ་བྱས་ནས། དུས་རབས་གསར་པའི་ཧྥིན་ཆའོ་ཉམས་མྱོང་གི་མཚོ་སྔོན་གྱི་ལག་ལེན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་རོགས་རམ་བྱས།

རིན་ཆེན་མཚོས་བསྒྱུར།