དུས་ཚིགས་དང་པོར་མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་ལས་གཞི་འཛུགས་སྐྲུན་ཐད་མགོ་ཡག་པོ་བརྩམས།
2025.04.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས7ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། དུས་ཚིགས་དང་པོའི་རིང་ལ། མཚོ་སྔོན་གྱིས་བསྡོམས་རྩིས་བྱས་ན་ལས་གཞི77དངོས་སུ་ལས་མགོ་བརྩམས་ཏེ། དེའི་ཐད་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ས་ཡ་བདུན་བཏང་ཡོད་ཅིང་། དེ་ནི་དུས་མཚུངས་ལས24.8%འཕར་ཡོད། དུས་ཚིགས་དང་པོའི་ཆུ་བེད་འཛུགས་སྐྲུན་གྱི་མགོ་ཡག་པོ་བརྩམས་ཏེ། ལོ་ཧྲིལ་པོའི་ཆུ་བེད་འཛུགས་སྐྲུན་གྱི་ལས་འགན་ཡོངས་འགྲུབ་ཐད་རྨང་གཞི་བརྟན་པོ་བཏིངས་ཡོད།

མིག་སྔར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནཱ་ལིན་ཀི་ལི་གཙང་པོའི་ཆུ་བེད་བཟོ་སྐྲུན་གཙོ་བོ་དང་ཞུའུ་ཅི་འགག་ཆུ་མཛོད་ཀྱི་ཆུ་འདོན་བཟོ་སྐྲུན་སོགས་ཆུ་བེད་བཟོ་སྐྲུན་གལ་ཆེན་སྔ་རྗེས་སུ་ཡང་བསྐྱར་ལས་མགོ་བརྩམས་ནས་ཐོན་སྐྱེད་སླར་གསོ་བྱས་པ་དང་། རྨ་ཆུའི་བཞུར་རྒྱུན་གཙོ་བོའི་ཆུ་ལོག་འགོག་པའི་བཟོ་སྐྲུན་ཐེངས་གཉིས་པའི་འཛུགས་སྐྲུན་དངོས་སུ་ལས་མགོ་རྩོམ་པའི་ཆ་རྐྱེན་ཡོངས་སུ་ཚང་ཡོད།

ཞིང་ཆེན་སྲིད་གཞུང་གི2025ལོའི་དུས་ཚིགས་དང་པོའི“མགོ་ཡག་པོ་རྩོམ་པའི”བྱེད་ཐབས་དུ་མ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་ཆེད། ཞིང་ཆེན་ཡོངས་ཀྱི་ཆུ་བེད་སྡེ་ཁག་གིས་འཕེལ་རྒྱས་བཅོས་སྒྱུར་དང་ནོར་སྲིད། རང་བྱུང་ཐོན་ཁུངས། ཞིང་ལས་གྲོང་གསེབ་སོགས་སྡེ་ཁག་བར་འབྲེལ་གཏུག་འབྲེལ་མཐུད་གང་ལེགས་བྱས་ཏེ། ཆུ་བེད་འཛུགས་སྐྲུན་གྱི་མ་དངུལ་ཡོང་ཁུངས་དང་ཐབས་ལམ་རྒྱ་སྐྱེད་བཏང་ཡོད། དུས་ཚིགས་དང་པོའི་མཇུག་བར་དུ། བསྡོམས་རྩིས་བྱས་ན་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔ་བྱེ་བ་བརྒྱད་ས་ཡ་གཅིག་གྲབས་གསོག་བྱས་ཡོད་ཅིང་། དེའི་ནང་ཀྲུང་དབྱང་གི་ཆུ་བེད་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་བཞི་ས་ཡ་བཞི་ཡོད་པ་དང་། ཞིང་ཆེན་རིམ་པའི་ཆུ་བེད་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ས་ཡ་དགུ་ཡོད་ལ། གྲོང་གསེབ་དར་སྤེལ་གཏོང་བ་དང་རིམ་པ་སོ་སོའི་སྲིད་གཞུང་གིས་རང་གསོག་མ་དངུལ་བསྡུ་བ། དངུལ་ཁང་གི་དངུལ་བུན་སོགས་མ་དངུལ་གཞན་དག་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་བྱེ་བ་གཅིག་ས་ཡ་བརྒྱད་བཅས་ཀྱིས་ཆུ་བེད་ལས་གཞི་བདེ་བླག་ངང་ལག་བསྟར་བྱ་རྒྱུར་མ་དངུལ་གྱི་འགན་སྲུང་མཁོ་འདོན་བྱས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།