མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་དུས་ཚིགས་དང་པོའི་སྡོད་ཁང་འཛད་སྤྱོད་ཉོ་ཚོང་ཐད་གྲུབ་འབྲས་བཟང་པོ་བླངས།
2025.04.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་གསར་དུ་ལེགས་སྒྲིག་བྱས་པའི་སྡོད་ཁང་སྤྱི་གསོག་མ་དངུལ་སྲིད་ཇུས་ཁག་དྲུག་ཁྱབ་བསྒྲགས་ལག་བསྟར་བྱས་པ་དང་བསྟུན། མཚོ་བྱང་ཁུལ་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཏོང་གྲངས་དང་མ་དངུལ་ཆེ་རུ་འཕར་ཡོད། ད་ལོའི་ཟླ་གསུམ་པའི་ཟླ་མཇུག་བར། མཚོ་བྱང་ཁུལ་གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་བརྒྱ་དང་གཅིག་དྲུག་བསྐྱིས་པ་དང་། སྒོར་བྱེ་བ་དྲུག་དང་ས་ཡ་ལྔ་འབུམ་གཅིག་ཁྲི་དྲུག་སྟོང་བདུན་བཏང་། དེ་གཉིས་དུས་མཉམ་ལས་སོ་སོར་བརྒྱ་ཆའི་ཞེ་གསུམ་དང་གྲངས་ཆུང་གཉིས་གཅིག་དང་བརྒྱ་ཆའི་ང་བརྒྱད་དང་གྲངས་ཆུང་བརྒྱད་དྲུག་འཕར་བ་དང་། འཁོར་སྐྱོད་བྱེད་ཚད་བརྒྱ་ཆའི་ཉེར་བརྒྱད་དང་གྲངས་ཆུང་བརྒྱད་དགུ་དང་བརྒྱ་ཆའི་བཞི་བཅུ་དང་གྲངས་ཆུང་དྲུག་གཉིས་ཡིན། ཁུལ་ཡོངས་ཀྱི་སྡོད་ཁང་འཛད་སྤྱོད་ལ་འདེགས་སྐྱོར་བྱེད་པའི་འདེགས་ཤིང་གལ་ཆེན་ཞིག་ཏུ་གྱུར་ཏེ་དུས་ཚིགས་དང་པོའི་ཉོ་ཚོང་བྱེད་ཚད་མཐོ་ཤོས་སུ་སླེབས་ཡོད།

གསར་འགོད་པས་ཤེས་གསལ་ལྟར་ན། མཚོ་བྱང་ཁུལ་གྱིས་སྤྱིར་བཏང་གི་ལས་བཟོ་པ་བཟའ་ཟླ་གཉི་གས་སྡོད་ཁང་སྤྱི་གསོག་དངུལ་སྤྲོད་མཁན་གྱིས་སྡོད་ཁང་ཐོག་མ་ཉོ་ན། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཏོང་འབོར་དེ་སྔོན་གྱི་སྒོར་འབུམ་བདུན་དང་ཁྲི་གཉིས་ནས་སྒོར་ས་ཡ་གཅིག་བར་ཇེ་མཐོར་བཏང་ཡོད། མི་གཅིག་གིས་སྡོད་ཁང་སྤྱི་གསོག་དངུལ་སྤྲོད་མཁན་གྱིས་སྡོད་ཁང་ཐོག་མ་ཉོ་ན། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཏོང་འབོར་དེ་སྔོན་གྱི་སྒོར་འབུམ་བདུན་དང་ཁྲི་གཉིས་ནས་སྒོར་འབུམ་བརྒྱད་བར་ཇེ་མཐོར་བཏང་ཡོད། མི་གཅིག་གིས་སྤྱི་གསོག་དངུལ་སྤྲོད་མཁན་དང་བཟའ་ཟླ་གཉི་གས་སྤྱི་གསོག་དངུལ་སྤྲོད་མཁན་གྱིས་སྡོད་ཁང་གཉིས་པ་ཉོ་ན། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཏོང་འབོར་དེ་སྔོན་གྱི་སྒོར་འབུམ་བདུན་དང་ཁྲི་གཉིས་ནས་སྒོར་འབུམ་བརྒྱད་བར་ཇེ་མཐོར་བཏང་ཡོད།

བུ་ཕྲུག་མང་བའི་ཁྱིམ་ཚང་གིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་བསྐྱིས་ནས་སྡོད་ཁང་ཐོག་མ་དེ་ཉོ་རྒྱུར་རེ་ཞུ་བྱས་ཚེ། དངུལ་བུན་གཏོང་འབོར་དེ་སྤྱིར་བཏང་གི་ཁྱིམ་ཚང་དང་བསྡུར་ན་སྒོར་འབུམ་གཉིས་ཀྱིས་ཇེ་མང་དུ་བཏང། བཟའ་ཟླ་གཉི་གས་སྤྱི་གསོག་དངུལ་སྤྲོད་པའི་ལས་བཟོ་པའི་ཁྱིམ་ཚང་གི་དངུལ་བུན་གཏོང་འབོར་སྒོར་ས་ཡ་གཅིག་དང་འབུམ་གཉིས་ཡིན་པ་དང་། མི་གཅིག་གིས་སྤྱི་གསོག་དངུལ་སྤྲོད་པའི་ལས་བཟོ་པའི་ཁྱིམ་ཚང་གི་དངུལ་བུན་གཏོང་འབོར་སྒོར་ས་ཡ་གཅིག་ཡིན། མི་གཅིག་གིས་སྤྱི་གསོག་དངུལ་སྤྲོད་མཁན་དང་བཟའ་ཟླ་གཉི་གས་སྤྱི་གསོག་དངུལ་སྤྲོད་པའི་ལས་བཟོ་པའི་ཁྱིམ་ཚང་གིས་སྡོད་ཁང་གཉིས་པ་ཉོ་ན། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཏོང་འབོར་དེ་སྔོན་གྱི་སྒོར་འབུམ་བདུན་དང་ཁྲི་གཉིས་ནས་སྒོར་འབུམ་དགུ་ཡིས་ཇེ་མཐོར་བཏང་ཡོད། ཉིས་སྟོང་ཉེར་ལྔ་ལོའི་ཟླ་དང་པོ་ནས་བཟུང་ལོ་ལྔའི་མན་དང་ལོ་ལྔའི་ཡན་ལ་སྤྱི་གསོག་དངུལ་སྤྲད་པའི་མི་སྒེར་གྱི་སྡོད་ཁང་ཐོག་མའི་སྤྱི་གསོག་བསྐྱིས་དངུལ་གྱི་སྐྱེད་ཀ་དེ་སོ་སོར་བརྒྱ་ཆའི་གཉིས་དང་གྲངས་ཆུང་གསུམ་ལྔ་དང་བརྒྱ་ཆའི་གཉིས་དང་གྲངས་ཆུང་བརྒྱད་ལྔ་ཡིན་པ་དང་། ལོ་ལྔའི་མན་དང་ལོ་ལྔའི་ཡན་ལ་སྤྱི་གསོག་དངུལ་སྤྲད་པའི་མི་སྒེར་གྱི་སྡོད་ཁང་གཉིས་པའི་སྤྱི་གསོག་དངུལ་བུན་གྱི་སྐྱེད་ཀ་སོ་སོར་བརྒྱ་ཆའི་གཉིས་དང་གྲངས་ཆུང་བདུན་བདུན་ལྔ་དང་བརྒྱ་ཆའི་གསུམ་དང་གྲངས་ཆུང་གསུམ་གཉིས་ལྔ་ཡིན་ལ། རིམ་རྩིས་བརྒྱབ་ན་སྔོན་ཆད་ལས་ཇེ་དམའ་རུ་བཏང་ཚད་གཞི་གནས་བཞི་བཅུ་རུ་སླེབས་ཡོད།

གཞན་ཡང་དངུལ་བུན་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་དངུལ་བུན་གཏོང་བར་ཚོགས་སྤྱིའི་ལས་སྒྲུབ་ལ་ཡིད་ཚིམ་ཚད་མཐོ་རུ་གཏོང་ཆེད། མཚོ་བྱང་ཁུལ་སྤྱི་གསོག་མ་དངུལ་ལྟེ་གནས་ཀྱིས་དངུལ་བུན་ལ་ཞིབ་མཆན་འགོད་པའི་བརྒྱུད་རིམ་ཇེ་ལེགས་སུ་བཏང་ནས། ཞིབ་མཆན་འགོད་པའི་དུས་ཚོད་ཇེ་ཐུང་དུ་བཏང་སྟེ་སྤྱི་གསོག་དངུལ་སྤྲོད་པའི་ལས་བཟོ་པའི་སྤྱི་གསོག་མ་དངུལ་གྱི་དངུལ་བུན་རེ་ཞུ་བྱེད་པའི་དུས་ཚོད་ཇེ་ཐུང་དུ་བཏང་ཡོད་པ་རེད།

ཚེ་མགོན་རྒྱལ་གྱིས་བསྒྱུར།