དཔྱིད་ཚུགས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ས་ཆ་མང་པོར་རླུང་ཆེན་གཡུགས་པ་དང་། གནམ་གཤིས་སྐམ་ཤོས་ཆེ་ལ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཉེན་ཁ་རྒྱུན་མཐུད་ངང་ཇེ་ཆེར་འགྲོ་བཞིན་ཡོད། ཟླ4པའི་ཚེས6ཉིན། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་འཕྲལ་བསྟུན་གནོད་སེལ་ཁྲུའུ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོའི་དཔྱིད་ཚུགས་རྗེས་ཞིང་ཆེན་ཡོངས་སུ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཐེངས15བྱུང་ཡོད་པ་དང་། དེའི་ཐོག་དམངས་སྲོལ་དུར་མཆོད་དང་། དཔྱིད་འདེབས་ཐོན་སྐྱེད། རི་མགོར་བསྐྱོད་ནས་ཡུལ་སྐོར་སྤྲོ་གསེང་བྱེད་པ་སོགས་བྱེད་སྒོ་མང་བས། ཕྱི་རོལ་གྱི་མེ་ཁུངས་དོ་དམ་ཚོད་འཛིན་བྱེད་པའི་དཀའ་ངལ་སྔར་ལས་ཆེ་རུ་ཕྱིན་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་གི་གནས་བབ་ཛ་དྲག་དང་རྙོག་འཛིང་ཆེ། ཛ་དྲག་གི་གནས་བབ་དེར་ཁ་གཏད་འཇལ་ཆེད། ཞིང་ཆེན་ཡོངས་ཀྱི་གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱས་ཡོད།
ཞིང་ཆེན་ཡོངས་སུ་གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་གཙོ་བོ་ཆར་ཆུ་འབབ་ཚད་དང་། དྲོད་ཚད། བརླན་ཚད་དང་། རླུང་ཆེན་སོགས་ཀྱི་གཙོ་གནད་གནམ་གཤིས་རྒྱུ་རྐྱེན་ལ་དོ་ཁུར་བྱས་པ་དང་། གཟབ་ནན་སྒོས་གནམ་གཤིས་འགྱུར་ལྡོག་ལ་ལྟ་ཞིབ་བྱས་ལ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཉེན་བརྡའི་མི་མངོན་པའི་རྐྱེན་ངན་ཡོད་སའི་འཁོར་སྐར་རྒྱང་ཚོར་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གནད་འགག་ས་ཁོངས་ཀྱི་ནགས་ཚལ་རྩྭ་ཐང་མེ་ཟོན་ཉེན་ཁའི་གནམ་གཤིས་ཀྱི་རིམ་ལྡན་སྔོན་བརྡ་བཏང་ཡོད། དེ་དང་ཆབས་ཅིག་ས་གནས་དེ་གའི་འཕྲལ་བསྟུན་དང་། ནགས་ཚལ་རྩྭ་ཐང་། ཞིང་ལས་ཞིང་སྡེ་སོགས་སྡེ་ཁག་དང་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས་གྲོས་མོལ་ཞིབ་དཔྱད་དང་། ཆ་འཕྲིན་མཉམ་སྤྱོད། འཕྲལ་བསྟུན་མཐུན་སྦྱོར་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ། ས་གནས་སོ་སོའི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ཏེ་མིའི་ཐབས་ཀྱིས་ཆར་ཆུ་ཇེ་མང་དུ་གཏོང་བའི་བྱ་བའི་གྲ་སྒྲིག་བྱ་བ་བསྒྲུབ་ནས། རྒྱུན་མཐུད་ངང་ཐན་པའི་ས་ཁུལ་དང་། ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་འབྱུང་སླ་བའི་ས་ཁུལ་དང་དེ་བཞིན་ཆར་ཆུ་ཇེ་མང་དུ་གཏོང་བའི་དགོས་མཁོ་ཡོད་པའི་ས་ཁུལ་གཞན་དག་བཅས་སུ་དུས་ཐོག་ཏུ་བར་སྣང་དང་ས་ངོས་གཞི་གཅིག་ཅན་གྱི་མིའི་ཐབས་ཀྱིས་ཆར་ཆུ་ཇེ་མང་དུ་གཏོང་བའི་བྱ་བ་བསྒྲུབས། གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་རྒྱ་ཆེའི་གྲོང་མིས་དཔྱིད་ཀྱི་དགའ་སྐྱིད་དུས་ཚོད་ལོངས་སུ་སྤྱོད་པ་དང་ཆབས་ཅིག་ཕྱི་རོལ་གྱི་མེ་བཀོལ་བདེ་འཇགས་ལ་ངེས་པར་དུ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་།
ཏིང་འཛིན་མཚོ་མོས་བསྒྱུར།