སྲིད་གཞུང་དང་དངུལ་ཁང་གིས་མཉམ་འབྲེལ་སྒོས་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་ལ་དངུལ་རྩའི་སྒུལ་ནུས་བསྣན།
2025.04.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས8ཉིན།  མཚོ་སྔོན་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི་སྦྲགས་སྲིད་གསོག་ཉར་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་དེ།  སྲིད་གཞུང་དང་དངུལ་ཁང་གིས་མཉམ་འབྲེལ་བྱེད་པ་དང་ནུས་ཁུངས་མཉམ་སྤྱོད་བྱེད་པ། གནད་ཁེལ་ཞབས་ཞུ་བཅས་ཀྱི་མཉམ་ལས་རྐྱེན་སྲོལ་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་ལ་དངུལ་རྩའི་སྒུལ་ནུས་བསྣན།

གྲོས་མཐུན་ལྟར་ན།  ཕྱོགས་གཉིས་ཀྱིས་རང་རང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  མཉམ་དུ་དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་འབྲིང་།  ཚན་རྩལ་རྣམ་པའི་ཁེ་ལས་བཅས་ཚོགས་སྤྱི་ཆེན་པོ་གསུམ་ལ་རྒྱབ་སྐྱོར་བྱེད་པར་དམ་དུ་དམིགས་ནས།  ཆབ་སྲིད་ཀྱི་སྣེ་ཁྲིད་དང་དངུལ་རྩའི་གསར་གཏོད།  གནད་སེལ་གེགས་སྒྲོལ།  ལས་ཕྱོད་མཐོར་འདེགས་བཅས་ཀྱི་རྩ་དོན་བཞི་གཞིར་བཟུང་སྟེ།  དམངས་གཉེར་དཔལ་འབྱོར་ལ་ཤུགས་ལྔས་ནུས་སྩོལ་གྱི་ཆེད་དམིགས་འགུལ་སྐྱོད་མཉམ་དུ་སྤེལ།

སྦྲགས་སྲིད་གསོག་ཉར་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གིས་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བར་དུ་མཉམ་འབྲེལ་དམ་ཟབ་བྱས་ཏེ།  ཡིད་རྟོན་དངུལ་བུན་ཐད་རྒྱབ་སྐྱོར་དང་ཐོན་རྫས་གསར་གཏོད།  ཞབས་ཞུ་ལེགས་སྒྱུར་སོགས་གཙོ་གནད་དུ་བཟུང་ནས།  ཐོག་མའི་དངུལ་བུན་རྒྱ་བསྐྱེད་དང་རྒྱུན་མཐུད་དངུལ་བུན་སྟབས་བདེ་བཟོ་བ།  ཡིད་རྟོན་ཆེར་སྐྱེད་དང་།  དུས་བཅད་སྙོམ་སྒྲིག  གནད་ཁེལ་གསར་གཏོད་སོགས་ཀྱི་ཕྱོགས་ནས་ནུས་པ་བཏོན་ནས།  ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཐོན་ལས་དང་དམངས་གཉེར་ཁེ་ལས་ཀྱི་དངུལ་བསྡུའི་དགོས་མཁོ་གཞིར་བཟུང་སྟེ།  དངུལ་བུན་གྱི་ཆེད་དམིགས་ངེས་ཚད་ལོགས་དགར་དང་།  བཤེར་མཆན་གོ་རིམ་ལེགས་སྒྱུར་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་དམངས་གཉེར་ཁེ་ལས་ལ་ཡིན་རྟོན་དངུལ་བུན་གཏོང་ཚད་ཆེ་རུ་གཏོང་རྒྱུ་རེད།

དེ་དང་ཆབས་ཅིག   དངུལ་རྩའི་ཞབས་ཞུ་དངོས་འབེབས་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱས་ཏེ།  གཞི་རྒྱ་དང་སྐྱེད་ཀའི་ཚད།  གེགས་མེད་རྒྱུ་ལམ་སོགས་ཀྱི་ཕྱོགས་ལ་སྲིད་ཇུས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་པ་དང་།  ཚན་རྩལ་གསར་གཏོད་དངུལ་བུན་དང་ཡིད་རྟོན་དངུལ་བུནe “སྦྲགས་སྲིད་གསོག་ཉར་དངུལ་ཁང་གིས་དམངས་གཉེར་ཁེ་ལས་ལ་སྟབས་བདེ་བཟོ་བ”  སོགས་ཁྱད་ལྡན་ཐོན་རྫས་ཀྱི་ཞབས་ཞུ་ལ་བརྟེན་ནས།  དམངས་གཉེར་ཁེ་ལས་ལ་ནོར་སྲིད་ཀྱི་དཔྱ་ཁྲལ་དང་རྩིས་འཛིན་སོགས་གཞི་གཅིག་ཅན་གྱི་རིན་འཕར་ཞབས་ཞུ་འདོན་སྤྲོད་བྱས།   དངུལ་སྡུད་ཆུང་བའི་མཐུན་སྦྱོར་རྐྱེན་སྲོལ་གྱི་འབྲེལ་གཏུག་པ་དང་དམངས་ཕན་ཞབས་ཞུའི་འཐུས་ཚབ་རུ་ཁག་བཙུགས་ཏེ།  ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཆུང་འབྲིང་གི་དྲ་ལམ་ཁྱབ་བསྒྲགས་དང་ཕྱིར་འཚོང་གི་གནས་ཚུལ་བརྩད་འདྲི་བྱས་པ་དང་།  ཕྱོགས་ཡོངས་ནས་དམངས་གཉེར་ཁེ་ལས་ཆུང་འབྲིང་གི་དངུལ་སྡུད་འབྲེལ་མཐུད་བྱ་བ་ལེགས་པོར་བསྒྲུབས།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།