རྒྱལ་ཁབ་ནགས་རྩྭའི་སོན་རྒྱུའི་ཐོན་ཁུངས་དང་སྒྲིག་ཆས་བདག་ཉར་མཛོད་ཁང་མཚོ་སྔོན་ཡན་ལག་མཛོད་ཁང་གི་ལས་གཞི་ལས་མགོ་བརྩམས།
2025.04.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

གསར་འགོད་པས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ཟླ4བའི་ཚེས9ཉིན།  རྒྱལ་ཁབ་ནགས་རྩྭའི་སོན་རྒྱུའི་ཐོན་ཁུངས་དང་སྒྲིག་ཆས་བདག་ཉར་མཛོད་ཁང་མཚོ་སྔོན་ཡན་ལག་མཛོད་ཁང་གི་ལས་གཞི་ཟི་ལིང་གྲོང་ཁྱེར་ནུབ་རིའི་ནགས་ར་རུ་ལས་མགོ་བརྩམས།  ལས་གཞི་འདིའི་སྤྱིའི་མ་དངུལ་ནི་སྒོར་བྱེ་བ་བདུན་དང་ས་ཡ་དྲུག་འབུམ་བདུན་ཁྲི་གཅིག་ཡིན་ལ།  སའི་ཟིན་ཚད་ལ་སྨི་གྲུ་བཞི་མ་ཁྲི་གཅིག་སྟོང་ལྔ་དྲུག་བརྒྱ་རེ་དྲུག་དང་གྲངས་ཆུང་དྲུག་བདུན་ཡོད།  དྲོད་ཚད་དམའ་བའི་བདག་ཉར་མཛོད་ཁང་དང་།  DNAབདག་ཉར་མཛོད་ཁང་།  དཔེ་གཞིའི་མཛོད་ཁང་སོགས་ཀྱི་བྱེད་ནུས་གཞི་གཅིག་ཅན་གྱི་མཛོད་ཁང་འཛུགས་པའི་འཆར་གཞི་བཀོད་ཡོད་པ་དང་།  སྤྱིའི་འཛུགས་བསྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སྟོང་དྲུག་དང་དྲུག་བརྒྱ་གྱ་གསུམ་ཡོད་ལ།  ཧ་ལམ2026ལོར་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་བཀོད་སྤྱོད་བྱེད་ཐུབ།

རྒྱུས་ལོན་བྱུང་བ་ལྟར་ན།  ད་ལྟའི་གནས་སྐབས་སུ་རང་རྒྱལ་གྱིས་རྒྱལ་ཁབ་དང་ཞིང་ཆེན་རིམ་པ་གཉིས་ནས་བཀོད་སྒྲིག་བྱས་ཏེ།  སྔ་གནས་དང་གཞན་གནས། སྒྲིག་ཆས་བདག་ཉར་བཅས་བྱེད་ཐབས་གསུམ་མཉམ་འབྲེལ་སྒོས་ནགས་རྩྭའི་སོན་རྒྱུའི་ཐོན་ཁུངས་དང་བདག་ཉར་མ་ལག་ཐོག་མ་གྲུབ་ཡོད།  མཚོ་སྔོན་ཡན་ལག་མཛོད་ཁང་ནི་རྒྱལ་ཡོངས་ཀྱི་གཙོ་གནད་གཅིག་དང་ཡན་ལག་དྲུག་གི་ནགས་རྩྭའི་སོན་རྒྱུའི་ཐོན་ཁུངས་དང་སྒྲིག་ཆས་བདག་ཉར་མ་ལག་གི་གནད་འགག་ཡིན་ལ།  མཚོ་བོད་མཐོ་སྒང་ས་ཁུལ་གྱི་རྩ་ཆེའི་ཤིང་རིགས་འདེབས་འཛུགས་ཐོན་ཁུངས་གཅིག་བསྡུས་དང་བདག་ཉར་གང་ལེགས་བྱེད་ཐུབ་པ་མ་ཟད།  རྩ་ཆེ་བའི་རིགས་དང་ཉམས་ལ་ཉེ་བ།  ཁྱད་ཆོས་ལྡན་པ།  ས་གནས་ཤིང་རིགས་ཀྱི་རྒྱུད་རྒྱུའི་སྣ་མང་རང་བཞིན་ལ་ཞིབ་འཇུག་དང་དཔྱད་འཇོག་བྱས་ནས།  སྲུང་སྐྱོབ་དང་བཀོལ་སྤྱོད་བྱེད་ཐབས་བཟོས་ཏེ།   ནགས་ཚལ་རྒྱུད་འདེད་དང་སྤུས་ཀ་ལེགས་བསྒྱུར་བྱེད་པ་ལ་ཕུན་སུམ་ཚོགས་པའི་རྒྱུད་རྒྱུ་མཁོ་སྤྲོད་བྱས་ཡོད་ལ།  སྐྱེ་དངོས་ཀྱི་རིགས་སྣ་དང་རྒྱུད་རྒྱུའི་སྣ་མང་ཅན་རྒྱུན་འཁྱོངས་བྱེད་པར་དོན་སྙིང་གལ་ཆེན་ལྡན།  2023ལོའི་ཟླ2པར།  མཚོ་སྔོན་ཡན་ལག་མཛོད་ཁང་དངོས་སུ《རྒྱལ་ཁབ་ནགས་རའི་ཤིང་རིགས་སོན་རྒྱུའི་ཐོན་ཁུངས་རྩད་ཞིབ་འཚོལ་སྡུད་དང་བདག་ཉར་བཀོལ་སྤྱོད་འཆར་འགོད(2014-2025)》ནང་བཞག་པ་དང་།  ལོ་དེའི་ཟླ3པར།  རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས《རྒྱལ་ཁབ་ནགས་རྩྭའི་སོན་རྒྱུའི་ཐོན་ཁུངས་དང་སྒྲིག་ཆས་བདག་ཉར་མཛོད་ཁང་མཚོ་སྔོན་ཡན་ལག་མཛོད་ཁང་གི་འཛུགས་སྐྲུན་བཀོད་སྒྲིག་ལ་མོས་མཐུན་ཡིན་པའི་སྐོར་གྱི་སྦྲགས་འཕྲིན》པར་འགྲེམ་བྱས་པ་དང་།  རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་རིམ་འཕར་དཔྱད་སྒྲུབ་བྱས་པ་བརྒྱུད།  2024ལོའི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་དང་འདེགས་སྐྱོར་མ་ལག་ལས་གཞིའི་ཀྲུང་དབྱང་སྔོན་རྩིས་ཀྱི་མ་དངུལ་གཏོང་བའི་འཆར་གཞིའི་ནང་བཞག

ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་འཛམ་གླིང་གི་གྲང་སྐྱེས་དང་སྐམ་སྐྱེས།  བྱེ་སྐྱེས་སོགས་ནགས་རྩྭའི་སོན་རྒྱུའི་ཐོན་ཁུངས་འབུམ་ལྔ་ལྷག་ལ་གཞི་བཙུགས་ནས།  ཐོན་ཁུངས་སྲུང་སྐྱོབ་དང་ཚན་རྩལ་མཁྲེག་གཏོར། གྲུབ་འབྲས་འཕོ་འགྱུར་ཀྱི་ཕྲེང་ཐག་ཧྲིལ་བའི་མ་ལག་དང་།  སྐྱེ་ཁམས་རིག་གནས་དྲིལ་བསྒྲགས་དང་ཡུལ་དངོས་སློབ་ཁྲིད་བཅས་སྲོག་ཤིང་གི་ངེས་གནས་བསྐྲུན་ཏེ།  གཉེར་སྐྱོང་འགན་སྲུང་མ་ལག་འཛུགས་པར་གཅིག་བསྡུས་སྐུལ་སྤེལ་དང་ཡིད་ཆེས་བརྟན་པོ།  དངོས་སྒྲུབ་སྔོན་བརྩོན་སྒོས་མཚོ་སྔོན་ཡན་ལག་མཛོད་ཁང་འཛུགས་པ་ནི་མཐོ་སྒང་གི་སྐྱེ་དངོས་སོན་རྒྱུའི་ཐོན་ཁུངས་བདག་ཉར་ལྟེ་གནས་དང་ཚན་རྩལ་ཞིབ་འཇུག་ལྟེ་གནས།  རང་རྒྱལ་གྱི་ནགས་རྩྭའི་སོན་རྒྱུའི་ཐོན་ཁུངས་ཕྱོགས་ཡོངས་ནས་སྲུང་སྐྱོབ་དང་ནགས་རྩྭའི་འདེབས་འཛུགས་ལས་རིགས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གསར་བ་བཞག་ཡོད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།